སྨན་པ660ཡིས་རྟའུ་རྫོང་དུ་འབད་འཐབ་བྱེད་བཞིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-23   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

     སྤྱི་ཟླ2པའི་ཚེས19ཉིན་གྱི་དགོང་མོར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སི་ཁྲོན་ཞིང་ཆེན་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་འགོག་བཅོས་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་རེད།

    སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འགོ་ཁྲིད་ཚོ་ཆུང་གི་གྲུབ་མི་སུང་སི་ཀུའེ་དང་ཙུན་ཅུན། ལོན་རུང་ཧྲན་བཅས་ཀྱིས་སི་ཁྲིན་ཞིང་ཆེན་གྱི་རིམས་ཚུལ་འགོག་བཅོས་ཚོད་འཛིན་ལས་དོན་ངོ་སྤྲོད་གནང་ཞིང་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

དཀར་མཛེས་ཁུལ་རྟའུ་རྫོང་གི་རིམས་ཚུལ་རགས་ཙམ་བཀོད་ན་འདི་ལྟར་ཏེ།རྟའུ་རྫོང་གིས་གཙོ་གནད་མི་སྣ8463ལ་དཔེ་འདེམས་དང་ཉིང་སྐྱུར་འདེམས་བཤེར་བྱས་ཡོད།

    སྤྱི་ཟླ2པའི་ཚེས18ཉིན་གྱི་ཆུ་ཚོད24ཡི་བར་དུ། རྟའུ་རྫོང་དུ་ཏོག་གསར་གློ་ཚད་ཀྱི་ནད་ངོས་ཟིན་པའི་ནད་པ60ཡོད་པ་དང་། དོགས་ཡོད་ནད་པ34ཡོད། ད་ལྟ་ལོགས་སུ་བསྡད་ནས་སྨན་རིག་གིས་བརྟག་དཔྱད་བྱེད་སྒང་ཡིན་པའི་ས་གནས་དེ་གའི་འདྲེས་འདྲིས་ཆེ་བའི་མི་སྣ391ཡོད་པ་རེད།

    རྟའུ་རྫོང་གི་རིམས་ཚུལ་ལ་དམིགས་ནས། སི་ཁྲོན་ཞིང་ཆེན་གྱིས་དམིགས་ས་ཡོད་པའི་བྱེད་ཐབས་ཕན་ནུས་ལྡན་པ་དུ་མ་སྤྱད་པ་སྟེ་གཅིག་ནི་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ཆེས་ནན་པོ་སྤྱད་ཡོད་པ་དང་། གཉིས་ནི་ཡམས་ནད་རིག་པའི་བརྟག་དཔྱད་ཆེས་ཤུགས་ཆེན་སྤེལ་ཡོད། གསུམ་ནི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་དང་འདྲེས་འདྲིས་ཆེ་བའི་མི་སྣ་ལ་རྗེས་འདེད་དོ་དམ་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད། བཞི་ནི་ཞིང་ཆེན་ཡོངས་ཀྱི་ནུས་པ་གཅིག་བསྡུས་བྱས་ནས་གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་འདེམས་བཤེར་བྱས་ཡོད། ཚེས18ཉིན་གྱི་བར་དུ། མ་དཔེ8309ལ་བརྟག་ཞིབ་བྱས་ཟིན་པ་རེད། སྨན་བཅོས་ཐད་ལ་གཅིག་ནི་ཐོག་མར་བརྟག་བཅོས་བྱེད་མཁན་གྱིས་འགན་འཁུར་བའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གཉིས་ནི་ནད་ཡང་མོ་དང་དཀྱུས་མ། ཚབས་ཆེན་དང་ཆེས་ཚབས་ཆེན་བཅས་རིགས་བཞི་ལ་གཅིག་བསྡུས་ཀྱིས་བརྟག་བཅོས་དང་རྒྱང་བསྟེན་སྨན་བཅོས་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད། གསུམ་ནི་དུས་ཐོག་རྗེས་གྲབས་སྨན་ཁང་འཛུགས་འགོ་ཚུགས་ཡོད། རྟའུ་རྫོང་རྒྱ་ལུགས་བོད་ལུགས་སྨན་ཁང་དུ་ནད་ཁྲི34དང་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་གཞུང་ལས་ཁང་དུ་ནད་ཁྲི95་གྲ་སྒྲིག་བྱས་ཡོད་པ་རེད།

རྟའུ་རྫོང་དུ་མི424གཅིག་བསྡུས་ཀྱིས་ལོགས་སུ་བཀར་ནས་སྨན་རིག་བརྟག་དཔྱད་བྱེད་བཞིན་ཡོད།

    རྟའུ་རྫོང་གི་ཏོག་གསར་རིམས་ཚུལ་འདིའི་འབྲེལ་ཡོད་ནད་པའི་བྱ་སྤྱོད་སྤེལ་རྒྱ་ཆེ་ཞིང་། ལོ་སར་གྱི་སྔོན་རྗེས་སུ་ཡིན་ལ་འདུ་འཛོམས་བྱེད་སྒོ་མང་བ་དང་། ནད་པར་ནད་ཕོག་ནས་སྨན་བཅོས་བྱེད་པའི་བར་དུས་ཡུན་རིང་པོ་འགོར་བས་འདྲེས་འདྲིས་མི་ཚོགས་ཇེ་མང་སོང་བ་རེད། དེའི་ཁར་རྟའུ་ཡི་ས་རྒྱ་ཆེ་བ་དང་གནམ་གཤིས་གྲང་བས་ནད་ཀྱི་འགོས་ཁུངས་རྩད་གཞིབ་གོ་ཆོད་པོ་བྱེད་པ་དང་ནད་ཀྱི་འགོ་ལམ་གསལ་པོར་གོ་བ་ལ་དཀའ་ངལ་དང་འགྲན་རྩོད་ཆེན་པོ་བཟོས་པ་རེད།

    རྟའུ་རྫོང་ལ་རིམས་ཚུལ་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཆེན་པོ་བྱས་ཏེ། དེ་མ་ཐག་སྨན་བཅོས་དང་རིམས་འགོག་ཆེད་རམས་པའི་ཚོ་ཆུང་མངགས་ནས་ཁྲིད་སྟོན་བྱེད་དུ་བཅུག་ཡོད་པ་རེད། གཅིག་ནི་མི་གཅིག་ལ་དེབ་གཅིག་བཟོས་ནས་ཆུ་ཚོད24ཡི་ནང་དུ་ནད་དཔེར་ཡམས་ནད་རིག་པའི་བརྟག་དཔྱད་བྱས་ཡོད། གཉིས་ནི་ནད་ངོས་ཟིན་པ་དང་དོགས་ཡོད་ནད་པར་འདྲེས་འདྲིས་ཆེ་བའི་མི་སྣ་ལ་དོ་དམ་ཆེས་ནན་པོ་བྱས་ཡོད། ཚེས19ཉིན་གྱི་ཆུ་ཚོད24བར། མི424གཅིག་བསྡུས་ཀྱིས་ལོགས་སུ་བཀར་ནས་སྨན་རིག་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། མི1792ཁྱིམ་དུ་བསྡད་ན་བརྟག་དཔྱད་བྱེད་བཞིན་ཡོད། མི17སྨན་རིག་བརྟག་དཔྱད་ལས་གྲོལ་ཡོད།

    རྟའུ་ལ་སྨན་སྤྱོད་དངོས་རྫས་འདང་ངེས་ཡོད་ཅིང་སྨན་པ660ཡོད།

    ཞིང་ཆེན་ཡོངས་ཀྱིས་ཕྱོགས་མང་གི་སྟོབས་ཤུགས་བསྡུས་ནས་རྟའུ་རྫོང་ལ་རོགས་སྐྱོབ་བྱས་ཡོད། ད་ལྟའི་བར་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་སྨན་བཅོས་དང་འཕྲོད་བསྟེན་འགོག་བཅོས་མི་སྣ660རྟའུ་རུ་ཡོད་ལ། དེའི་ནང་དུ་ཞིང་ཆེན་དང་ཁུལ་གྱི་སྨན་པ129ཡོད། ཞིང་ཆེན་རིམ་པའི་ཆེད་རམས་པ21ཡོད། ཞིང་ཆེན་འཕྲོད་བསྟེན་ཨུ་ལྷན་གྱི་སྨན་པ19ཡོད། དཀར་མཛེས་ཁུལ་གྱི་སྨན་པ89ཡོད།  དེ་ཡང་གཅིག་ནི་རྟའུ་རྫོང་གི་རིམས་ཚུལ་འགོག་བཅོས་ཚོད་འཛིན་དང་སྨན་བཅོས་སྲོག་སྐྱོབ་ཆེད་རམས་ཚོ་ཆུང་གཉིས་བཙུགས་ནས་ཉིན་རེར་རྒྱང་བསྟེན་ཁྲིད་སྟོན་བྱེད་བཞིན་ཡོད། གཉིས་ནི་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བསྡུས་ནས་སྨན་བཅོས་ལག་རྩལ་གྱི་རྒྱབ་སྐྱོབ་བྱེད་བཞིན་ཡོད། ཚེས18ཉིན་གྱི་བར། ནད་དཔེའི་དངོས་དཔེ8309ལ་འདེམས་བཤེར་བྱས་ཟིན་པ་རེད། གསུམ་ནི་སྨན་སྤྱོད་དངོས་རྫས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། སྲུང་གོས1710དང་ཁ་ཤུབས12900དང་། གཤེར་དབྱང་ལྕགས་རྫ50བཅས་རྟའུ་རྫོང་ལ་སྤྲད་པ་རེད།  །