བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-16   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འགོ་བརྗོད་དུ་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ལ་ཞིབ་འཇུག་གནང་སྐབས་ཀྱི་གསུང་བཤད་ཅེས་འཁོད་པ་སྤེལ་བ།

    སྤྱི་ཟླ་2པའི་ཚེས་16ཉིན་དཔེ་སྐྲུན་བྱས་པའི་ད་ལོའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཞི་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འགོ་བརྗོད་དུ་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ལ་ཞིབ་འཇུག་གནང་སྐབས་ཀྱི་གསུང་བཤད་ཅེས་འཁོད་པ་སྤེལ་ཡོད།

    རྩོམ་ཡིག་ནང་།  རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་པོ་ཡོང་བ་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད།  རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དང་ཡང་འབྲེལ་བ་ཡོད།  ང་ཚོས་ཆོད་སེམས་བརྟན་གཏོང་དང་།  ཕྱར་བ་གྲུ་འདེགས།  ཚན་རིག་དང་མཐུན་པའི་འགོག་བཅོས།  གནད་འཕིགས་ཇུས་འདོན་བཅས་ཀྱི་བླང་བྱ་གཞིར་བཟུང་།  ལས་དོན་ཡག་པོ་བསྒྲུབ་པ་དང་།  དུས་ཚོད་དམ་འཛིན།  ནད་གདོན་ལ་ཁ་གཏད་གཅོག་པ། རིམས་ནད་འགོས་ཁྱབ་ཆེ་རུ་འགྲོ་ཚུལ་མཐའ་གཅིག་ཏུ་འགོག་པ་བཅས་བྱས་ཏེ།  རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་བསྟན་ཡོད།

    རྩོམ་ཡིག་ནང་།  སྤྱི་ཡོངས་ནས་བལྟས་ཚེ།  ཏང་ཀྲུང་དབྱང་གིས་རིམས་ནད་གནས་ཚུལ་ལ་བརྡར་ཤ་ཡང་དག་བཅད་པ་དང་།  ལས་དོན་ཁག་དུས་ཐོག་ཏུ་བཀོད་སྒྲིག་བྱས་པ།  བྱ་ཐབས་ནུས་ལྡན་བཟུང་བ་བཅས་བྱས་ཡོད།  ད་ཆ།  འགག་རྩའི་གནད་དོན་ནི་ལས་དོན་ཁག་ལ་དམ་འཛིན་དང་།  དམ་འཛིན་ནན་པོ།  དོན་འཁྱོལ་བཅས་བྱ་རྒྱུ་དེ་རེད།  མིག་སྔར།  རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་གཤམ་གསལ་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།  དང་པོ།  རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་རྒྱལ་ཡོངས་ཀྱིས་འབད་འཐབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ།  རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་།  གཅིག་གྱུར་མཐུན་སྦྱོར།  གཅིག་གྱུར་བཀོད་གཏོང་བཅས་ལ་ངེས་པར་དུ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ཏེ་གང་གསུང་དེ་སྒྲུབ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ནི་སྨན་རྫས་འཕྲོད་བསྟེན་ཁོ་ནའི་གནད་དོན་མ་ཡིན་པར་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་དང་སྤྱི་ཡོངས་དམག་འཐབ་ཅིག་ཡིན་པས།  ལས་དོན་ཁག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱལ་ཁ་ཐོབ་རྒྱུར་རྒྱབ་སྐྱོར་བྱེད་དགོས།  

    གཉིས་པ།  གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས་པ།  སྟོབས་ཤུགས་གཅིག་སྡུད་ཀྱིས་གཙོ་གནད་ས་ཁུལ་གྱི་རིམས་ནད་ཚོད་འཛིན་བྱས་ཚེ།  གཞི་ནས་རྒྱལ་ཡོངས་ཀྱི་རིམས་ནད་འགོས་ཁྱབ་འགྲོ་ཚུལ་རྩ་བ་ནས་ཁ་ལོ་སྒྱུར་ཐུབ།  འགོག་བཅོས་སྟོབས་ཤུགས་ཀྱི་ས་ཁོངས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུར་དམ་འཛིན་དང་།  སྐྱོབ་བཅོས་ཐོན་ཁུངས་དང་འགོག་སྲུང་ཐོན་ཁུངས་དེ་རིམས་ནད་འགོག་རྒོལ་གྱི་འཐབ་ས་མདུན་མར་གཅིག་སྡུད་མཐའ་གཅིག་ཏུ་བྱས་ཏེ།  འཐབ་ས་མདུན་མའི་སྨན་དོན་མི་སྣ་དང་ནད་པ་སྐྱོབ་བཅོས་ཀྱི་དགོས་མཁོ་སྔོན་ལ་སྐོང་དགོས།  ས་གནས་ཏང་ཨུད་དང་སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ་ནན་པོ་ཡོང་བ་དང་།  སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་དྲ་མིག་ཅན་དུ་འགྱུར་བར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།  ཞིབ་བཤེར་ནན་པོ་བྱེད་པ།  སྔར་བས་དོ་ནན་པ་དང་། སྔར་བས་དམིགས་སའི་རང་བཞིན་ཆེ་བ།  སྔར་བས་གོ་ཆོད་པའི་བྱ་ཐབས་བཟུང་སྟེ་རིམས་ནད་འགོས་ཚུལ་བཀག་འགོག་བྱེད་དགོས།  

    གསུམ་པ།  ནད་པ་བསྡུ་ཉར་སྐྱོབ་བཅོས་བྱེད་ཚད་དང་དྲག་སྐྱེད་ཡོང་ཚད་མཐོ་རུ་གཏོང་བ་དང་།  འགོས་ཚད་དང་ནད་གཞིས་རྐྱེན་པས་འཆི་ཚད་ཉུང་དུ་གཏོང་དགོས།  དེ་ནི་མིག་སྔའི་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ལས་འགན་གཙོ་བོ་ཡིན།  

    བཞི་པ།  ཚན་ཞིབ་འགག་གཏོར་ལ་ཤུགས་སྣོན་རྒྱག་པ་དང་།  རིམས་ནད་ལས་རྣམ་པར་རྒྱལ་བར་ཚན་རྩལ་གྱི་འདེགས་སྐྱོར་དང་ཁ་བྲལ་ཐབས་མེད།  ནད་དུག་འབྱུང་ཡུལ་ལ་ཚན་རིག་དང་མཐུན་པའི་རིག་པས་ཁུངས་སྐྱེལ་དང་།  འགོས་ཁུངས་དང་འགོས་ལམ་གང་མགྱོགས་གསལ་པོ་ཤེས་པ།  ནད་དུག་གི་འགྱུར་བའི་གནས་ཚུལ་རྗེས་འདེད་བཏང་ནས་དུས་ཐོག་ཏུ་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བྱ་ཐབས་ཐད་ཞིབ་འཇུག་བྱེད་དགོས་ཞེས་འཁོད་ཡོད།

རྩོམ་ཡིག་ནང་།  སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་རིམས་ནད་ཚབས་ཆེན་ལ་ཁ་གཏད་ནུས་ལྡན་གཅོག་པའི་འགན་སྲུང་གལ་ཆེན་ཡིན།  མིག་སྔར།  ལྷག་པར་དུ་གཤམ་གསལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ་སྟེ།  གཅིག་ནི།  རྒྱུན་ལྡན་གྱི་དཔལ་འབྱོར་སྤྱི་ཚོགས་སྒྲིག་ལམ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ།  གཉིས་ནི།  སྨན་བཅོས་སྐྱོབ་བཅོས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ།  གསུམ་ནི།  སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་ལྷིང་ལས་དོན་ཏན་ཏིག་བསྒྲུབ་པ།  བཞི་ནི།  རྒྱུན་ལྡན་གྱི་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་འཁོད་ཡོད།

རྩོམ་ཡིག་ནང་།  དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཀྱི་མཛུབ་ཁྲིད་ལས་དོན་ཡག་པོ་བསྒྲུབ་པ་དང་།  དྲ་ཐོག་དྲ་འོག་དང་།  རྒྱལ་སྤྱི་རྒྱལ་ནང་།  དོན་ཆེན་དོན་ཆུང་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ།  སེམས་ཤུགས་འཕེལ་བ་དང་།  མི་སེམས་ལ་དྲོ་སྐྱིད་ཚོར་བ།  དམངས་སེམས་གཅིག་ཏུ་འདུས་པ་བཅས་བྱས་ཏེ།  སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་སྔར་ལས་ལྷག་པ་བྱེད་དགོས།  གཅིག་ནི།  མངོན་གསལ་སྲིད་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་ལས་རྣམ་པར་རྒྱལ་བའི་སེམས་ཤུགས་བརྟན་དུ་གཏོང་བ།  གཉིས་ནི།  གཙོ་ཁྲིད་ལ་དམ་འཛིན་གྱིས་དྲ་ཐོག་གི་དྲང་ནུས་སྟོབས་ཆེར་གཏོང་བ།  གསུམ་ནི།  རང་འགུལ་དབང་ཆ་དམ་འཛིན་གྱིས་རྒྱལ་སྤྱིའི་གླེང་ཕྱོགས་ལ་ཤུགས་རྐྱེན་ནུས་ལྡན་ཐེབས་པ་བྱེད་དགོས་ཞེས་བསྟན་ཡོད།

    རྩོམ་ཡིག་ནང་།  དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ།  ང་ཚོས་ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་སྔར་བཞིན་རྒྱུན་འཁྱོངས་བྱེད་པ་དང་།  ཏང་ཀྲུང་དབྱང་གིས་བཀོད་ཇུས་བཀོད་སྒྲིག་གནང་བའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་པ།  ཏང་ཀྲུང་དབྱང་གིས་གཏན་འཁེལ་བའི་ལས་འགན་དམིགས་འབེན་ཚང་མ་ལེགས་སྒྲུབ་བྱེད་དགོས།  རིམས་ནད་ཚབས་ཧ་ཅང་ཆེ་བའི་ས་ཁུལ་གྱིས་སྟོབས་ཤུགས་གཅིག་སྡུད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས་པ་དང་།  ས་ཁུལ་གཞན་དག་གིས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་ཁར་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་དང་དམ་འཛིན་ཡག་པོ་བྱེད་པ་དང་ལྷག་པར་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།  དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པའི་ལས་འགན་གཙོ་བོར་དམ་འཛིན་ནན་པོ་བྱེད་པ་ལས་དལ་ཙམ་དང་སྒུག་ཙམ་བྱེད་པའི་བསམ་པ་བཅངས་མི་རུང་། བརྟན་པོ་དྲུག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞིགས་ཏེ།  རྙོག་འཛིང་དང་དཀའ་ཚེགས་ཆེ་བའི་རྣམ་པར་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱེད་དགོས།  གཅིག་ནི།  ཁེ་ལས་ལས་འགོ་བཙུགས་ནས་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་།  གཉིས་ནི།  རྣམ་གྲངས་གལ་ཆེན་ལས་འགོ་འཛུགས་པ་དང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ།  གསུམ་ནི།  གྲོང་མིའི་འཛད་སྤྱོད་བརྟན་པོ་ཡོང་བ་བྱེད་པ།  བཞི་ནི།  རྒྱལ་སྐྱོང་སྲིད་འཛིན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།  ད་ཐེངས་ཀྱི་རིམས་ནད་ནི་རང་རྒྱལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འཕྲད་པའི་ཚོད་བགམ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ཉམས་མྱོང་ཕྱོགས་སྡོམ་དང་བསླབ་བྱ་ལེན་དགོས།  ད་ཐེངས་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཁྲོད་ཐོན་པའི་ཞན་ཆ་དང་མི་འདང་སར་དམིགས་ཏེ་རྒྱལ་ཁབ་ཀྱི་སྟབས་བསྟུན་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་བྲེལ་དཀའ་ཉེན་ལྕིའི་ལས་འགན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།