ལོ་སར་སྐབས་ཀྱི་བཀྲ་ཤིས་ཁ་ཟས་གསུམ།

རྩོམ་པ་པོ།   པདྨ་མ་མཚོ།  ཡིག་བསྒྱུར།       དུས་ཚོད།   2020-01-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལོ་སར་གྱི་སྐབས་སུ་ཀོང་རྩེད་རའི་ཁྱིམ་ཚང་སོ་སོའི་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་ཟས་རིགས་སྣ་གསུམ་བཟོ་བ་རེད།དེ་དག་ནི་ཟས་སྣ་དང་དཀར་ལེབ།བག་ལེབ་བཅས་གསུམ་ཡིན་པ་རེད།ཡུལ་མིས་བཤད་པ་ལྟར་ན།ཟས་སྣ་འདི་གསུམ་ནི་བྱང་ཆུབ་སྡོང་བོའི་རྩ་བ་དང་ལོ་མ།འབྲས་བུ་བཅས་མཚོན་པ་རེད་ཟེར་བས།ལོ་སར་ཐོན་ལ་ཉེ་སྐབས།ཁྱིམ་ཚང་ཚང་མས་ཟས་རིགས་འདི་གསུམ་གྲ་སྒྲིག་བྱེད་བཞིན་ཡོད།

ཟས་སྣ།

        ཟས་སྣ་ནི་གཙོ་བོ་གྲོ་ཞིབ་ཀྱིས་བཟོས་པ་དང་།ཡུལ་མི་རྣམས་ཀྱིས་ལོ་གསར་གྱི་ཉིན་འགའི་སྔོན་ལ་ལས་ནས་གྲ་སྒྲིག་བྱེད་བཞིན་ཡོད།

དཀར་ལེབ།

        དཀར་ལེབ་ནི་འབྲས་བྱེ་ཡིས་བཟོས་པ་ཡིན།འབྲས་རླངས་བཙོས་རྗེས་རྡུང་ནས་རྡོག་རྡོག་བཏང་དགོས་པ་དང་།དེ་རྗེས་ལེབ་ལེབ་བཏང་སྟེ་ཉི་མར་ལྡེ་ནས་སྐམ་དགོས། དཀར་ལེབ་བཟོ་དགོས་དུས་ལེབ་ལེབ་དེ་བཟའ་སྣུམ་ནང་བཙོས་ན་ཆོག་པ་རེད།སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས།ད་ལྟ་ལེབ་ལེབ་དེ་ཚོང་ཁང་དུ་བཙོང་རྒྱུ་ཡོད་པས།ལས་བཟོ་བྱེད་རྒྱུ་དེ་འདྲ་རྙོག་འཛིང་མི་ཆེ།གནམ་གང་གི་དགོང་མོར་སྐམ་ཟིན་པའི་ལེབ་ལེབ་དེ་ཐད་དཀར་བཟའ་སྣུམ་ནང་བཙོ་ཞོར་དུ་འཐེན་ན་དཀར་ལ་སྲབ་པའི་དཀར་ལེབ་གྲུབ་པ་རེད།

བག་ལེབ།

        བག་ལེབ་ནི་ཆང་འབྲས་ཀྱིས་བཟོ་དགོས་པ་དང་།བཟོ་དབྱིངས་ཇེ་ལེགས་སུ་གཏོང་ཆེད་ཆང་འབྲས་ནང་གྲོ་ཞིབ་བསྲེས་ནས་བཟོ་བཞིན་ཡོད།སྤྱིར་བཏང་ལོ་གསར་གྱི་བག་ལེབ་ནི་ལོ་གསར་ཚེས་གཅིག་ཉིན་གྱི་ཞོགས་པར་བཟོ་བ་རེད།

        ལོ་གསར་ཚེས་གཅིག་ཉིན་གྱི་ཞོགས་པར་ཀོང་རྩེད་རའི་ཡུལ་མི་མང་ཆེ་བས་ཟས་སྣ་དང་དཀར་ལེབ།བག་ལེབ་བཅས་ཟས་ནས་ལོ་གསར་བ་བསུ་བ་རེད།གཞན་གཉེན་སྟོན་དང་ཁང་སྟོན་སོགས་བཀྲ་ཤིས་དུས་ཆེན་གྱི་ཉིན་ལའང་ཟས་རིགས་སྣ་གསུམ་འདི་ངེས་པར་དུ་འཛོམས་དགོས་པ་རེད།