ཨ་མ་ལྷ་མོ་ཚང་གི་གནམ་གང་གི་དགོང་ཟས།

རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2020-01-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

       

ཤོག་ཕྲ་སྦྱར་ནས་ལོ་གསར་བསུ་བ། 

        ལོ་སར་ནི་ནང་མི་ལྷན་འཛོམས་བྱུང་བའི་བཀྲ་ཤིས་དགའ་སྟོན་གྱི་དུས་ཆེན་ཞིག་ཡིན་པས།མི་ཚང་མས་ལོ་སར་ལ་ཧ་ཅང་རྩིས་མཐོང་བྱེད་པ་དང་།གོས་གང་ཡག་དང་ཟས་གང་བཟང་ཚང་མ་ལོ་སར་གྱི་སྐབས་སུ་གོན་པ་དང་ཟ་བ་རེད།བདེ་ཆེན་གྱི་ཡུལ་མི་རྣམས་ཀྱིས་ཀྱང་ལུགས་རྙིང་གི་ཟླ་༡༢པ་ནས་བཟུང་ལོ་སར་གྱི་མཁོ་ཆས་དག་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་།ལྷག་པར་དུ་གནམ་གང་ནི་དགོང་ཟས་ལ་དེ་བས་མཐོང་ཆེན་བྱེད་པས་སྔ་ས་ནས་གྲ་སྒྲིག་གང་མང་བྱེད་བཞིན་ཡོད།

        གནམ་གང་གི་ཉིན་འདིར།འཇོལ་རྫོང་ཀོང་རྩེད་ར་གྲོང་སྡེའི་ཨ་མ་ལྷ་མོས་སྔ་མོར་ལངས་ནས་གནམ་གང་གི་དགོང་ཟས་ལ་གྲ་སྒྲིག་བྱེད་བཞིན་ཡོད།ཁོ་མོ་ཚང་གི་བུ་དང་མནའ་མས་ཡང་རང་ཁྱིམ་གྱི་སྒོ་ཆེན་དང་སྒོ་ཆུང་སོ་སོར་ལོ་གསར་གྱི་ཆ་ཡིག་དང་ཤོག་ཕྲ་སྦྱར་ནས་ལོ་གསར་བ་བསུ་བར་གྲ་སྒྲིག་བྱེད་བཞིན་པས།ག་ས་གང་དུ་འདུ་འཛི་དང་བྲེལ་འཚུབ་ཀྱི་རྣམ་པའི་ཁེངས་འདུག

        གནམ་གང་གི་ཉིན་འདིར་ཐབ་ཚང་དུ་སྔོ་ཚལ་རྔོ་བ་དང་བརྙན་ལ་ལྟ་བ་སོགས་འདུ་འཛི་ཧ་ཅང་ཆེ།མ་གཞི་ཨ་མ་ལྷ་མོས་ཁ་པར་གྱི་དྲ་ལམ་བརྒྱུད་ནས་ཟས་རིགས་བཟོ་སྟངས་སྦྱང་ཞོར་གནམ་གང་གི་དགོང་ཟས་ལ་གྲ་སྒྲིག་བྱེད་བཞིན་ཡོད།མོས་ད་ལོའི་གནམ་གང་གི་དགོང་ཟས་དེ་སྔོན་དང་བསྡུར་ན་འགྱུར་བ་ཅུང་བྱུང་ཡོད།ཉིན་འདི་དག་དྲ་ལམ་བརྒྱུད་ནས་ཚལ་བརྔོ་སྟངས་རིགས་ཁ་ཤས་སྦྱང་ཡོད།རང་ཉིད་ཀྱིས་ཟ་མ་གཡོ་སྦྱོར་བྱེད་རྒྱུ་ཤིན་ཏུ་དགའ།འོན་ཀྱང་ཤེས་བྱའི་ཆུ་ཚད་དམའ་བ་དང་རྒྱ་ཡིག་ཀྱང་དེ་འདྲ་མི་ཤེས་པས་དུས་རྒྱུན་དུ་སྲོལ་རྒྱུན་གྱི་ཁ་ཟས་འགའ་ལས་ཟ་མ་གཞན་གཡོ་སྦྱོར་བྱས་མ་མྱོང་།ན་ནིང་ངེད་ཚང་ལ་སྐུད་མེད་དྲ་རྒྱ་འཐེན་པས།ད་ལྟ་ལག་འཁྱེར་ཁ་པར་ཐོག་བརྙན་རིས་ཀྱི་ལམ་ནས་ཟ་མ་གཡོ་སྦྱོར་བྱེད་སྟངས་སོགས་སྦྱང་ཐུབ་པ་དང་།དྲ་ལམ་བརྒྱུད་ནས་བྲོ་རྫས་དང་བཟའ་བཅའ་སྣ་ཚོགས་ཀྱང་ཉོ་ཐུབ་པས།ང་དང་ང་འདྲ་བའི་ཞིང་གྲོང་གི་བུད་མེད་རྣམས་ཀྱིས་ཀྱང་ཟ་མ་རིགས་སྣ་མང་བཟོས་ནས་རང་གི་ཁྱིམ་མི་ལ་ཟས་སྣ་ཚོགས་ཟ་རུ་འཇུག་ཐུབ་ཅེས་ངོ་ལ་འཛུམ་མདངས་བཅིངས་ནས་བཤད་བྱུང་།

        ཕྱི་དྲོའི་ཆུ་ཚོད་ལྔ་ཡས་མས་སུ་ཨ་མ་ལྷ་མོ་ཚང་གི་དགོང་ཟས་ཡང་གྲ་སྒྲིག་བྱས་ཚར་སོང་།ཅོག་ཙེ་ཐོག་ཏུ་བག་ལེབ་དང་ཟས་སྣ།དཀར་ལེབ་སོགས་ཀོང་རྩེད་རའི་སྲོལ་རྒྱུན་གྱི་ཁ་ཟས་སྣ་ཚོགས་ཡོད་པ་ལས་གཞན་མདོག་དང་བཟོ་དབྱིབས་འདྲ་མིན་གྱི་ཚལ་རིགས་སྣ་བཅུ་གཉིས་ཀྱང་རྔོས་ཡོད་ལ།སིལ་ཏོག་དང་སྐོམ་ཆུ།ཞོར་ཟས་སྣ་ཚོགས་ཀྱིས་སྡེར་ཁ་བསྒྲིགས་ཡོད།

        ཨ་མ་ལྷ་མོའི་ཕུ་བོ་ཆེ་བས་དགོང་ཟས་ཟ་ཞོར་དུ།དེང་སང་ཀོང་རྩེད་རའི་གྲོང་སྡེའི་ཡུལ་མི་རྣམས་ཀྱི་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་རེད།ཁོ་རང་ཆུང་དུས་སུ་ལོ་སར་ལ་གོན་པ་གསར་བ་གྱོན་རྒྱུ་གང་ཡོད།ལྷན་པ་རྒྱག་རྒྱུ་ཡང་མེད།དུས་རྒྱུན་ལྟོགས་སྐོམ་གང་མང་བྱུང་ཡོད།བལྟོས་དང་།དེ་རིང་སྒྲོག་ཙེ་ཐོག་ཟས་སྣ་གང་འཛོམས་འདུ་འཛོམས་རེད།ད་ལྟ་ཏང་གི་སྲིད་ཇུས་བཟང་བ་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཡང་ཇེ་བཟང་དུ་སོང་ཡོད་པས།རྒྱུན་དུ་ཟས་ཞིམ་པོ་དང་གོས་གསར་བ་གོན་གྱིན་ཡོད།ཁྱོད་ཚོར་བསོད་རྣམས་ཆེ་གི་ཞེས་མཐེ་བོང་ཡང་ནས་ཡང་ནས་བསྒྲེངས།ཕྱི་རུ་ཤོག་སྦག་རྒྱག་པ་དང་བསྟུན་ནས་བཟའ་མི་གང་བོ་མཉམ་དུ་འཛོམས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་ཕུན་སུམ་ཚོགས་པའི་གནམ་གང་གི་དགོང་ཟས་ལ་རོལ་ནས་ལོ་སར་བ་བསུས་པ་་རེད།

        སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་བསྟུན་ནས།བོད་རིགས་ས་ཁུལ་གྱི་གནམ་གང་གི་དགོང་ཟས་ལའང་འགྱུར་ལྡོག་ཆེན་མོ་བྱུང་ཡོད།དེ་སྔོན་གྱི་ཟས་སྣ་ཁ་ཤས་ནས་དེང་གི་གསོལ་སྟོན་ལྟ་བུའི་དགོང་ཟས་ནི་ད་ལྟའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་མཚོན་ཚུལ་ཞིག་ཡིན་ལ།རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་རྣམས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་སྐྱོད་པའི་མཚོན་ཚུལ་ཞིག་ཀྱང་ཡིན་པ་རེད།

ཨ་མ་ལྷ་མོས་བཟོས་པའི་གནམ་གང་གི་དགོང་ཟས།