གསར་དུ་བྱུང་བའི་གློ་ཚད་འགོ་ནད་འདིར་གཟབ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-22   རྩོམ་ཁུངས།    中国藏族网通

        ཉེ་ཆར། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སོགས་ས་ཁུལ་མང་པོར་ཏོག་དབྱིབས་ནད་དུག་ཅན་གྱི་གློ་ཚད་རིམས་ནད་བྱུང་འདུག ཟླ་འདིའི་ཚེས20ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་པ་མཐོ་བའི་ཆེད་མཁས་ཚོ་ཆུང་ལ་གསར་འགོད་པས་བཅར་འདྲི་བྱེད་སྐབས། ཏོག་དབྱིབས་ནད་དུག་ཅན་གྱི་གློ་ནད་གསར་པ་འདི་འགོ་བའི་རང་བཞིན་ཅན་ཡིན་ཞིང་། ད་ཕན་སྨན་པའི་ལས་ཀ་གཉེར་མཁན་ལ་གློ་ནད་དེ་འགོས་ཡོད་པ་གཏན་འཁེལ་བྱས་འདུག

        ཟླ་དང་པོའི་ཚེས20ཉིན་གྱི་ཆུ་ཚོད18བར། རྒྱལ་ཁོངས་སུ་རིམ་རྩིས་བྱས་པ་ལྟར་ན། ཏོག་དབྱིབས་ནད་དུག་ཅན་གྱི་གློ་ཚད་བྱུང་མཁན་མི224ལ་བུད་ཡོད་ཅིང་། དེའི་ནང་གཏན་ཁེལ་བྱས་ཟིན་གྱི་ནད་པ217(ཝུའུ་ཧན་གྲོང་ཁྱེར་གྱི་ནད་པ198། པེ་ཅིང་གྲོང་ཁྱེར་གྱི་ནད་པ5། ཀོང་ཏུང་ཞིང་ཆེན་གྱི་ནད་པ14བཅས་འདུ)། དོགས་གཞི་ཅན་གྱི་ནད་པ7(སི་ཁྲོན་ཞིང་ཆེན་གྱི་ནད་པ2། ཡུན་ནན་ཞིང་ཆེན་གྱི་ནད་པ1། ཧྲང་ཧའེ་གྲོང་ཁྱེར་གྱི་ནད་པ2། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ནད་པ1།ཧྲན་ཏུང་ཞིང་ཆེན་གྱི་ནད་དཔེ1)ཡོད་པ་རེད། དེ་ལས་གཞན་རྒྱལ་ཕྱི་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ལྗར་པན་ནས་དེ་མཚུངས་ནད་པ1། ཐའེ་ཀོ་ནས་ནད་པ2། ཁོ་རེ་ཡ་ལྷོ་མ་ནས་ནད་པ1བཅས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

        རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མཐོ་རིམ་ཆེད་མཁས་ཚོ་ཆུང་གི་འགོ་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། རྒྱལ་ཁབ་དབུགས་ལམ་ཁོངས་གཏོགས་ཀྱི་ནད་ཡམས་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུང་ནན་ཧྲན་གྱིས་བཤད་པ་ལྟར་ན། ད་ལྟའི་ཆར། འགོ་བའི་རང་བཞིན་ཅན་གྱི་གློ་ནད་དེ་རིགས་མཆེད་སའི་ཝུའུ་ཧན་གྱི་ས་ཁུལ་དག་དང་། ས་ཁུལ་དེ་དག་ནས་གློ་ཚད་དེ་རིགས་འགོས་པའི་མི་ཚོགས་ལ་དབྱེ་ཞིབ་བྱས་ན། གློ་ཚད་དེའི་འབྱུང་རྐྱེན་ཝུའུ་ཧན་གྱི་ཉ་རིགས་ཚོང་ར་དང་འབྲེལ་བ་ཧ་ཅང་ཆེ་བ་མཐོང་ཐུབ་ཟེར།

        ཀྲུང་ནན་ཧྲན་གྱིས་བསྟན་དོན། སྔོན་འགོག་དང་དོགས་ཟོན་གྱི་བྱ་ཐབས་ཡག་ཤོས་ནི་སྔོན་ལ་ཤེས་རྟོགས་བྱ་རྒྱུ་དང་། དང་ཐོག་ནས་བརྟག་དཔྱད་བྱ་ཐུབ་པ། ད་དུང་སྨན་བཅོས་བྱ་ཐུབ་པ། ནད་པ་རྣམས་ལོགས་སུ་བཀར་འཇོག་བྱ་ཐུབ་པ་བཅས་ནི་ཆེས་གོ་ཆོད་དང་ཆེས་སྤྱི་ཁྱབ་ཀྱི་བྱ་ཐབས་ཤིག་རེད་ཟེར། ཁོས་ཚོད་དཔག་བྱས་པ་ལྟར་ན། ལོ་སར་རིང་གློ་ཚད་དེ་རིགས་ཕོག་པའི་མི་གྲངས་ཇེ་མང་དུ་འགྲོ་རྒྱུ་རེད་ཟེར།

        ཀྲུང་ནན་ཧྲན་གྱིས་ཏོག་དབྱིབས་ཅན་གྱི་ནད་དུག་གསར་པ་དེ་གཅུན་ཐུབ་པར་ཡིད་ཆེས་ཡོད་པས། ལོ་ངོ17ཡར་སྔོན་གྱི་གློ་ནད་ཁྱད་པར་ཅན་དེ་བསྐྱར་ཟློས་བྱ་མི་དཔེ། ཐེངས་འདིར་ཏན་ཏན་གཟའ་འཁོར་གཉིས་ཙམ་གྱི་རིང་། གློ་ཚད་དེ་ཏོག་དབྱིབས་ནད་དུག་ཅན་གྱི་གློ་ཚད་ཡིན་པ་གཏན་ཁེལ་བྱུང་བ་རེད། དེའི་ཁར་ང་ཚོར་ལྟ་རྟོག་ཚོད་འཛིན་དང་ལོགས་བཀར་གྱི་ལམ་ལུགས་ཡག་པོ་ཡོད་པས། ངས་བལྟས་ན། ད་ཐེངས་ཀྱི་གློ་ཚད་འདིས་ལོ་ངོ17ཡར་སྔོན་གྱི་གློ་ཚད་ཁྱད་པར་བ་དེ་ལྟར་སྤྱི་ཚོགས་ལ་ཤུགས་རྐྱེན་དང་དཔལ་འབྱོར་ལ་གནོད་སྐྱོན་ཐེབས་མི་སྲིད་ཟེར།

ཚན་རིག་གི་ནད་འགོག་བྱེད་ཚུལ། ཁ་ཐུམ་གོན་པ།


ཚན་རིག་གི་ནད་འགོག་བྱེད་ཚུལ། ལག་པ་བཀྲུ་བ།