བདེ་ཆེན་གྱིས་དགུན་དུས་ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་འདོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།བདེ་ཆེན་ཁུལ་གྱིས་དགུན་དུས་ཀྱི་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་རྒྱས་པ་དང་།ས་གནས་ཁག་གི་ཡུལ་སྐོར་བས་བདེ་ཆེན་དུ་སྤྲོ་སྐྱིད་ལྡན་པའི་ལོ་སར་ཞིག་གཏོང་བར་བྱ་ཆེད།སྲོལ་རྒྱུན་གྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་དགུན་དུས་ཀྱི་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱ་ཆེད། ཟླ་1པོའི་ཚེས་1ཉིན་ནས་བཟུང་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་དང་ཡུལ་སྐོར་ལས་དོན་ཁང་སོགས་ལ་རིན་མེད་ངང་རླངས་འཁོར་རོགས་སྐྱོབ་དང་། རིན་མེད་ངང་གསོ་རླུང་རྔུབ་པ། ཡུལ་སྐོར་ལས་དོན་ཁང་གི་བྱ་དགའ་སྤྲོད་པ་སོགས་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་རང་ཁུལ་དུ་ལོ་གསར་ཡག་པོ་གཏོང་དུ་བཅུག་རྒྱུ།

         ཟླ་1པོའི་ཚེས་1ཉིན་ནས་བཟུང་། བདེ་ཆེན་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་ཡོང་བའི་ཡུལ་གཞན་གྱི་ཡུལ་སྐོར་བའི་རླངས་འཁོར་ལ་སྐྱོན་འཕྲད་ཚེ་0887—8882222ཞེས་པའི་ཐད་སྦྲེལ་ཁ་པར་རྒྱབ་ན་རིན་མེད་ངང་རླངས་འཁོར་རོགས་སྐྱོབ་ཞབས་ཞུ་འདོན་ཆོག

         ཟླ་1པོའི་ཚེས་1ཉིན་ནས་བཟུང་། བདེ་ཆེན་ཁུལ་མི་དམངས་སྨན་ཁང་གིས་ཡུལ་གཞན་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལ་ཆེད་དམིགས་ཀྱི་རིན་མེད་ངང་གསོ་རླུང་རྔུབ་ས་འདོན་རྒྱུ་རེད།

         2019ལོའི་ཟླ་12པའི་ཚེས་1ཉིན་ནས་2020ལོའི་ཟླ་2པའི་ཚེས་28ཉིན་གྱི་བར་ཞིང་ཆེན་ནང་གི་ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་བ་སྣེ་ལེན་བྱེད་དུས་ཡུན་ནན་ཞིང་ཆེན་ཡུལ་སྐོར་ཁྲོམ་རའི་གློག་རྡུལ་ལྟ་སྐུལ་དོ་དམ་མ་ལག་བརྒྱུད་དེ་བདེ་ཆེན་སེམས་ཀྱི་ཉི་ཟླར་སླེབས་པའི་ཡུལ་སྐོར་བ་1500ཡན་ཟིན་ན་བྱ་དགའ་སྒོར་མོ་5000སྤྲོད་རྒྱུ་ཡིན་པ་དང་། རྨང་གཞི་དེའི་སྟེང་དུ་ཡུལ་སྐོར་བ་500རེ་སྣོན་ན་ཡང་བསྐྱར་བྱ་དགའ་སྒོར་མོ་5000སྤྲོད་རྒྱུ་རེད།

         ཞིང་ཆེན་ཕྱིའི་ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་ཚོགས་པ་རྩ་འཛུགས་བྱས་ནས་བདེ་ཆེན་ཁུལ་དུ་ཡུལ་སྐོར་ཡོང་ན་གནམ་གྲུ་རེ་རེར་ཚོགས་པའི་མི་15ཡན་ཟིན་པ་དང་ གནམ་གྲུ་འཕུར་ས་དང་འབབ་ས་གཉིས་ཀ་སེམས་ཀྱི་ཉི་ཟླར་ཡིན་ན་མི་རེར་ལ་ཁ་གསབ་རོགས་དངུལ་སྒོར་མོ་300རེ་སྤྲོད་རྒྱུ་ཡིན་པ་དང་།     གནམ་གྲུ་འཕུར་ས་དང་འབབ་ས་ཕྱོགས་གཅིག་སེམས་ཀྱི་ཉི་ཟླར་ཡིན་ན་མི་རེར་ཁ་གསབ་རོགས་དངུལ་སྒོར་མོ་100རེ་སྤྲོད་རྒྱུ་ཡིན།

         བདེ་ཆེན་ཁུལ་གྱི་སྐར་ལྔ་རིམ་པའི་མགྲོན་ཁང་དང་དེ་བཞིན་སྤུས་ལེགས་མགྲོན་ཁང་རེ་ལ་ཆུ་རིན་དང་གློག་རིན་སྒོར་མོ་1000ཁ་གསབ་བྱ་རྒྱུ་ཡིན་པ་དང་ཞག་སྡོད་ཁེ་ལས་དཀྱུས་མ་600ལ་ཁ་གསབ་རོགས་དངུལ་སྒོར་མོ་500རེ་སྤྲོད་རྒྱུ་ཡིན།

         ཟླ་1པོའི་ཚེས་1ཉིན་ནས་2020ལོའི་ཟླ་3པའི་ཚེས་1ཉིན་གྱི་བར་དུ་བཟའ་བཏུང་ཁེ་ལས་དག་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཏེ། 2020ལོའི་དཔྱིད་གསར་དུས་ཆེན་སྐབས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་གི་གྲོང་ཁུལ་དུ་རྒྱུན་ལྡན་ལྟར་ལས་གཉེར་བྱེད་པའི་བཟའ་བཏུང་ཁེ་ལས་དག་གིས་ཆུ་རིན་དང་གློག་རིན་སྒོར་མོ་300རེ་ལེན་ཆོག