ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་ཡག་པོ་བྱས་ཏེ་ལོ་གསར་དགའ་གཏོང་བྱེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-15   རྩོམ་ཁུངས།    མི་དམངས་དྲ་བ།

   མ་གཞི་བོད་ལྕགས་བྱི་ལོའི་ལོ་གསར་འཆར་བར་ད་དུང་ཟླ་གཅིག་ལྷག་ཙམ་ཡོད་ཀྱང་། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས་ཆ་སྙོམས་ས་བབ་སྨི་2400ཙམ་ཟིན་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་རོང་བོ་གྲོང་རྡལ་གྱི་ལོ་གསར་གྱི་མཁོ་ཆས་ཁྲོམ་རར་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། སྣ་ཁ་འཛོམས་པའི་ཚོང་ཟོག་འདྲ་མིན་སྣ་ཚོགས་བཤམས་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་ཁྲོམ་བཀྱག་རེ་རེ་བསྐོར་ནས་རང་ཉིད་ལ་མཁོ་བའི་ཅ་ལག་ཉོ་བཞིན་འདུག
     ཁྲོམ་བཀྱག་ཐོག་བོད་ཡིག་གི་ཆ་ཡིག་དང་། སྦྱར་ཡིག སྤོས་སོགས་ཀྱི་ཐོན་ཟོག་བསྒྲིགས་ཡོད་པ་དང་། སྦྱིན་བདག་རྡོ་རྗེ་སྐྱིད་ཀྱིས་སྐུ་མགྲོན་གྱིས་ཉོས་ཟིན་པའི་ཅ་ལག་ཐུམ་སྒྲིལ་རྒྱག་བཞིན་འདུག “ད་ཆ་ཉིན་ལྟར་ཉུང་མཐར་ཡང་བོད་ཡིག་གི་ཆ་ཡིག་100བྲིན་གྱི་འདུག ད་ལོ་ནི་བོད་ལྕགས་བྱི་ལོ་ཡིན་པས་བོད་ཡིག་གི་ཆ་ཡིག་ཕུད་ད་དུང‘ལྕགས་བྱི་ལོར་ནོར་གཡང་འཕེལ’‘རླུང་རྟ་གོང་ནས་གོང་དུ་འཕེལ’སོགས་བྲིས་པའི་བྱི་བའི་རབ་བཏགས་རི་མོའི་སྦྱར་ཡིག་ཉོ་མཁན་ཧ་ཅང་མང་པོ་འདུག ཉིན་ཁ་ཤས་ཀྱི་རྗེས་སུ་ད་དུང་ཚོང་ཡག་ཏུ་འགྲོ་ངེས་རེད”ཅེས་རྡོ་རྗེ་སྐྱིད་ཀྱིས་བརྗོད། 
      རྡོ་རྗེ་སྐྱིད་ཀྱིས་བོད་ཡིག་གི་ཆ་ཡིག་ནི་ཉེ་བའི་ལོ་བཅུ་གྲངས་རིང་བོད་རིགས་ས་ཁུལ་དུ་དར་ཁྱབ་བྱུང་བ་ཞིག་ཡིན་པ་དང་ཆ་ཡིག་གི་ནང་དོན་མང་ཆེ་བ་ནི་ཤིས་ཚིག་རེད། ད་ཆ། མི་སེར་མང་པོ་ཞིག་གིས་བོད་ཡིག་གི་ཆ་ཡིག་རང་ཁྱིམ་གྱི་སྒོའི་ གཡས་གཡོན་གཉིས་སུ་སྦྱོར་བ་དང་ཡང་ན་གྲོགས་པོ་དང་གཉེན་ཉེར་སྤྲོད་ཀྱི་ཡོད་པས་བོད་ཡིག་གི་ཆ་ཡིག་དེ་བོད་རིགས་ས་ཁུལ་གྱི་མི་སེར་རྣམས་ཀྱི་ལོ་གསར་གྱི་གོམས་སྲོལ་གསར་པར་གྱུར་ཡོད་ཅེས་ངོ་སྤྲོད་བྱས། 
     ལོ་45ལ་སླེབས་པའི་ས་ལར་རིགས་ཀྱི་ཚོང་པ་མཱ་ལིན་གྱིས། གྲོང་རྡལ་དུ་མི་རིགས་ཀྱི་མཁོ་ཆས་ཚོང་ཁང་བཙུགས་ནས་ལོ་20སོང་བ་དང་། མ་གཞི་ས་ལར་རིགས་ཡིན་ཀྱང་བོད་སྐད་ཆུ་རྒྱུག་རྒྱུག་ཤོད་ཐུབ་ཀྱི་ཡོད། “ང་རང་གནས་འདིར་ནར་སོན་པ་དང་གྲོགས་པོ་མང་ཆེ་བ་ཡང་བོད་རིགས་ཡིན་པས་ཚོང་རྒྱག་པ་དང་གྲོགས་པོ་སྒྲིག་སྐབས་བོད་སྐད་ཤེས་བྱུང”ཞེས་བརྗོད།
     རྒྱ་ཁྱོན་སྨི་ངོས་གྲུ་83ལས་མེད་པའི་ཚོང་ཁང་དེའི་ནང་སྣམ་བུ་དང་། དར་གོས། བལ་རྒྱུ། རས་སོགས་ཁ་དོག་སྣ་བརྒྱའི་རས་ཆ་མང་ཚོགས་ལ་མཁོ་འདོན་བྱེད་ཀྱི་འདུག སྲོལ་རྒྱུན་གྱི་དུས་ཆེན་འཆར་རིམ་བཞིན་བོད་རིགས་མང་ཚོགས་མང་པོ་ཞིག་གིས་གྱོན་གོས་གསར་པ་འཚེམ་གྱི་ཡོད།    ཚོང་ཟོག་སྣ་ཁ་འཛོམས་པོ་ཡོང་ཆེད་མཱ་ལིན་གྱིས་ལོ་གསར་གོང་ཆེད་མངགས་ཀན་སུའུ་དང་སི་ཁྲོན་དུ་ཕྱིན་ཏེ་སྒོར་ཁྲི་20རི་བའི་ཚོང་ཟོག་འཐེན་ཡོད་པ་རེད། 
      ཁྲོམ་རའི་ཚོང་ཁང་གཞན་ཞིག་ཏུ་ཁ་དོག་སྣ་ཚོགས་དང་བཀྲག་མདངས་འཚེར་བའི་འགྱིག་གི་མེ་ཏོག་གྲལ་སྒྲིག་ཡོད་པ་དེའི་ནང་ལུག་མིག་མེ་ཏོག་དང་། མེ་ཏོག་པད་མ། ཁམ་བུའི་མེ་ཏོག་སོགས་སྣ་ཚོགས་འདུག “འབྲུ་རིཌ་སྣ་ལྔར་ལོ་ལེགས་བྱུང་བའི”མཚོན་བྱེད་སྙེ་མ་དང་བློ་གྲོས་ཀྱི་མཚོན་བྱེད་རྨ་བྱའི་སྒྲོ་ནི་བོད་རིགས་མང་ཚོགས་ལོ་གསར་གཏོང་སྐབས་དགོས་ངེས་ཀྱི་མཁོ་ཆས་ཀྱང་རེད། “ད་ཆ་ཉིན་རེར་སྒོར་བདུན་བརྒྱ་བརྒྱད་བརྒྱ་ཡི་ཚོང་བྲིན་གྱི་འདུག བོད་རིགས་མང་ཚོགས་ཚོས་མེ་ཏོག་སེར་པོ་དང་དམར་པོར་དེ་བས་དགའ་པོ་བྱེད་ཀྱི་འདུག ”ཅེས་རྒྱ་རིགས་སྦྱིན་བདག་ཕེང་ཧྲི་ཤིང་གིས་བརྗོད། 
    “ང་ལ་མེ་ཏོག་ཁོག་མ་གཉིས་འཚོང་རོགས། ད་ལོ་ང་ཁང་པ་གསར་པར་སྤོས་པས་མཛེས་བཟོ་ཡག་པོ་ཞིག་བྱེད་ཀྱི་ཡིན། ངས་མེ་ཏོག་ངོ་ཤེས་ཀྱི་མེད་ཀྱང་མེ་ཏོག་འདིའི་ཁ་དོག་ཡག་པོ་འདུག འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་གི་ཡོད་པས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་ཡག་པོ་ཞིག་གཏོང་དགོས”ཞེས་རྡོ་ལོག་གིས་མིག་མདུན་གྱི་འགྱིག་གི་རྒྱ་སེ་མེ་ཏོག་དམར་པོ་དེར་ལྟ་བཞིན་དེ་ལྟར་བརྗོད།