ཆ་ལང་ངམ་སྦུབ་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-15   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

 

    མཆོད་རྫས་ཀྱི་རྣམ་གྲངས་དང་རོལ་མོའི་བྱེ་བྲག་ཏུ་གྱུར་པ་ཆ་ལང་ངམ་སྦུབ་ཆལ་ངོ་སྤྲོད་མདོར་བསྡུས་ཙམ་བྱེད་པ་ལ། ཐོག་མ་རྒྱ་གར་དང་བལ་ཡུལ་གྱི་ཡུལ་གྲུ་གང་སར་གླུ་གར་རྩེད་འཇོ་སོགས་ཀྱི་རོལ་མོར་ལོངས་སུ་སྤྱོད་པའི་སྲོལ་མང་པོ་ཞིག་དར་ཁྱབ་བྱུང་ཞིང་། སྔར་ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་མི་ལ་སོགས་པའི་ཐ་མལ་པའི་རོལ་ཆ་མང་པོ་ཞིགཕྱིས་སུ་མཆོད་པའི་དངོས་པོར་བྱིན་གྱིས་བརླབས་ཏེ་བཟོ་ཁྱད་ཕུལ་དུ་བྱུང་བ་སྣ་ཚོགས་ཤིག་བཟོས་པ་ཞིག་ཡིན་ཞིང་། སྦུབ་ལའང་རྒྱུ་དང་། མཚོན་དོན། དཀྲོལ་ཚུལ། དགོས་པ་བཅས་བཞི་ཡོད་དོ། །

     དང་པོ་རྒྱུ་ནི། རིན་པོ་ཆེ་སྣ་ཚོགས་ལི་རག་དང་བསྲེས་ཏེ་བཟོ་བོ་མཁས་པས་བཞུ་བཏུལ་ལུགས་སུ་བླུག་པ་སྟེ་ཆ་ཚད་གསལ་བར་བསྟན་པའི་གཞུང་མ་མཐོང་བས། ཕལ་ཆེར་སྔར་གྱི་བཟོ་རྙིང་དག་ལས་དཔེ་བླངས་པ་ཤ་སྟག་ཏུ་འདུག

     གཉིས་པ་མཚོན་དོན་ནི། ཐབས་ཤེས་ཟུང་འཇུག་གི་མཚོན་པའི་སྟེང་འོག་གཉིས། བྱང་ཆུབ་གཉིས་མཚོན་པའི་ལྟོ་བོ་ལྡིར་བ། སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་མཚོན་པའི་ཁོར་ཡུག་གི་ཞེང་ཁ་གྱེན་དུ་ཕྱོགས་པ། བདེན་གཉིས་ཟུང་འཇུག་མཚོན་པའི་འཆང་ཟུང་། གྲགས་སྟོང་འགག་པ་མེད་པའི་དོན་མཚོན་པའི་སྒྲ་དལ་བ་དང་། མྱུར་བ་དང་། འཇམ་པ་དང་། ལྷོད་པ་དང་། དྲག་པ་ལ་སོགས་པ་འབྱུང་ངོ་། །

     གསུམ་པ་དཀྲོལ་ཚུལ་ནི། རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་མི་འདྲ་བ་མང་བས་མཐའ་གཅིག་ཏུ་ངེས་པར་བྱར་མེད་པས་རང་རང་གི་ལུགས་བཞིན་སྤྱད་ན་འགལ་བ་མེད་ཅིང་། ཁ་ཅིག་རོལ་མོ་ལ་ལྷ་སྔགས་བྲིས་པ་སོགས་ཡོད་ཀྱང་ཞི་བ་དང་ཁྲོ་བོའི་ཆོ་ག་རྣམས་གཅིག་འདྲེས་སུ་མི་རུང་བས། རྔ་ལ་སོགས་པ་གཟུངས་གཞུག་ཏུ་རུང་བ་རྣམས་ལ་མཆོད་པའི་སྤྲིན་གཟུངས་དང་། རྟེན་འབྲེལ་སྙིང་པོ་བྲིས་ན་ཤིན་ཏུ་བཟང་ངོ་། ། བོད་ཡུལ་དུ་སིལ་སྙན་དང་རོལ་མོ་གཉིས་ཞི་དྲག་གི་ཆོ་ག་སོ་སོ་ལ་ལོངས་སྤྱོད་པར་ཡང་སྣང་བས་གང་ཡང་བརྒྱུད་པའི་ཕྱག་སྲོལ་ལ་རག་ལས་པ་ཡིན་ནོ། །

     བཞི་པ་དགོས་པ་ནི། རྔ་དང་རོལ་མོ་རྣམས་ཆོ་གའི་ཚིག་རིས་དང་མཐུན་པར་འཇུག་པས་རྣལ་འབྱོར་པའི་ལྟ་དགོངས་ལ་བོགས་ཐོན། གདོན་བགེགས་ལོག་འདྲེན་ཐམས་ཅད་ཁ་སྐྱེངས། སྣང་སྲིད་མ་མོ་རྣམས་ཀྱང་སྙིང་ཉེ། རྩ་གསུམ་ཆོས་ལྷ་ཚོགས་མ་ལུས་ཐུགས་དགྱེས་ཤིང་བསྐྱེད་རྫོགས་ཀྱི་ཡོན་ཏན་གོང་དུ་འཕེལ་བའི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པ་ཡིན་ནོ། །

     ཆ་ལང་ངམ་སྦུབ་ཆལ་ངོ་སྤྲོད་མདོར་བསྡུས་འདི་ཉིད་མངའ་རིས་པ་མཁན་པོ་ཚེ་དབང་རིག་འཛིན་གྱིས་བརྩམས་པའི《བླ་མེད་རྡོ་རྗེ་ཐེག་པའི་ཕྱག་མཚན་དང་མཆོད་རྫས་ཡོ་བྱད་ཀྱི་རྣམ་བཤད་འཁྲུལ་འཇོམས་ཡེ་ཤེས་རལ་གྲི》སོགས་ལས་སྔ་འགྱུར་རིག་འཛིན་རྩོམ་སྒྲིག་ཁང་གིས་བསྡུ་སྒྲིག་ཞུས།