བོད་མིའི་ཟ་ཆས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-14   རྩོམ་ཁུངས།    ེྔརྔ་བའི་གསར་འགྱུར་དྲ་བ།

  

    བོད་མིའི་གཙོ་བོའི་ཟ་ཆས་ནི་རྩམ་པ་དང༌།གྲོ་ཞིབ། འབྲས་བཅས་ཡིན་ཞིང༌། བཏུང་བ་གཙོ་བོ་ནི་ཇ་སྲུབ་མ་དང༌། ཇ་ཐང༌། ཇ་མངར་མོ།ཆང་བཅས་ཡིན།རྩམ་པ་ནི་ནས་སྲན་སོགས་རྔོས་ནས་ཕྱེ་མར་བཏགས་པ་ཡིན་པས་དེ་ནི་གྲོ་ཞིབ་དང་འབྲས་ལྟ་བུའི་ཟས་རྗེན་པ་མ་ཡིན་སྟབས་མེ་བཏང་ནས་བཙོ་མི་དགོས་པར་ཇ་ཆང་ངམ་ཐ་ན་ཆུ་འཁོལ་གྱི་སྤགས་ཁུ་ཕྲན་ཙམ་བྱུང་ན་ལག་སོར་གྱིས་གཡོས་ཏེ་འཕྲལ་འཕྲལ་ཟ་ཆོག་པར་བརྟེན།ལས་དོན་བྲེལ་བ་ཆེ་བ་དང༌། ཕྱོགས་ཐོན་བཅས་ཀྱི་སྐབས་སུའང་ཧ་ཅང་སྟབས་བདེ་པོ་ཡོད།རྩམ་པ་ནི་བོད་རིགས་མང་ཆེ་བའི་ཟས་རིགས་གཙོ་བོ་ཞིག་ཡིན་པ་དང་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་ཤུགས་ཆེན་ལྡན་པ་ཞིག་ཡིན་ཏེ་ལོ་རྒྱུས་ཀྱི་ཡིག་རིགས་རྣམས་སུ་འཁོད་པར་གཞིགས་ན།བསྐལ་པ་ཡ་ཐོག་གི་དུས་ནས་མེས་པོ་རྣམས་ཀྱིས་ནས་དང༌། གྲོ། བྲ་བོ།སོ་བ་རྣམས་ས་ལ་གཏོར་ཏེ་མ་རྨོས་པའི་ལོ་ཏོག་ཟ་བར་བྱེད།《ཐང་ཡིག་གསར་མ》ལས།སྤུར་རྒྱལ་གྱི་དུས་སུ། ལོ་ཏོག་གྲོ་ནས་བྲ་བོ་སྲན་མ་འདེབས།སྒོ་ཕྱུགས་གཡག་རྟ་ཁྱི་ལུག་ཕག་རྣམས་འཚོ་ཡང་ན་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་ཏེ་འོ་མ་སོགས་བཏུང་ཞིང་རྟིང་སོར་དེ་ཡང་ཟ་ཞེས་འཁོད་པ་ལྟར་ན།བོད་རིགས་ཀྱིས་རྩམ་པ་དང་གྲོ་ཞིབ་ཟ་བའི་གོམས་གཤིས་ལ་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་པར་མངོན།རྩམ་པའི་རྣམ་གྲངས་ལ་ནས་རྩམ་དང༌། སྲན་ཞིབ། འབལ་སྲན།གྲོ་རྩམ་སོགས་ཡོད་པ་ལས་རང་ཉིད་ཀྱི་བྲོ་བ་དང་འཕྲོད་ལམ་ལ་གཞིགས་ཏེ་ཟ་བར་བྱེད་ལ་སོ་སོའི་གོམས་གཤིས་ལྟར་ནས་རྩམ་ལའང་ཞིབ་ཆེན་དང༌།བར་ཞིབ།རྩིང་ཧྲུལ་སོགས་ཞིབ་རྩིང་གི་དབྱེ་བ་མང་ཞིང་འབྲུ་སྨར་གྱིས་བཏགས་པའི་ཞིབ་ཆེན་གྱི་སྤགས་ནི་བྲོ་བ་ཞིམ་ལ་དྲི་ཞིམ་མངར་སིལ་འཐུལ་བར་བྱེད།ཡང་རྩིང་ཧྲུལ་ནི་ཞོགས་པ་ཇ་ལྡུར་ལྡག་པ་དང་མར་སྤགས་ཟ་བ་ལ་མཆོག་ཏུ་གྱུར་པ་ཡིན།སྲན་ཞིབ་ནི་རྩམ་འགམ་རྒྱག་སྐབས་མེད་དུ་མི་རུང་བ་བྱེད་པ་དང༌།འབལ་སྲན་ནི་ནས་དང་སྲན་མ་མཉམ་བསྲེས་ཀྱི་རྩམ་པ་ཡིན་སྟབས་འབལ་སྲན་གྱི་སྤགས་ནི་རོ་མངར་བས་དམིགས་བསལ་གྱི་དྲོ་བ་ལྡན་པ་ཞིག་རེད།བོད་ལྗོངས་སུ་རྫ་ཡུལ་དང་པདྨ་བཀོད་སོགས་ས་གནས་ཁ་ཤས་ལས་དེ་བྱིངས་ལ་འབྲས་ཐོན་ཁུངས་མེད་ཀྱང༌།ལོ་རྒྱུས་ཀྱི་ཡིག་རིགས་ཁག་ལ་གཞིགས་ན་ལོ་ངོ་སྟོང་གི་སྔོན་ནས་བོད་མིས་འབྲས་ཟ་བ་མ་ཟད།འབྲས་ཆང་ཡང་འཐུང་གི་ཡོད་པ་མཚོན་ཐུབ་པ། དཔེར་ན《རྒྱལ་རབས་གསལ་བའི་མེ་ལོང》དུ་ཁྲི་སྲོང་ལྡེ་བཙན(754ནས787)ཞབས་འཛུགས་ཀྱི་དགའ་སྟོན་ཐོགགཡས་ན་སྣ་ནམ་པ་རྣམས་ཀྱིས་བསྡད། གཡོན་ན་རྒྱ་རྣམས་ཀྱིས་བསྡད།དེར་ཡབ་རྒྱལ་པོས་སྲས་རྒྱན་དུ་མས་བརྒྱན་ཏེ།གསེར་སྐྱོགས་འབྲས་ཆང་གིས་གང་བ་སྲས་ཀྱི་ལག་ཏུ་གཏད་པའི་སྐོར་བཀོད་ཡོད།སྤྱི་ཚོགས་རྙིང་པའི་སྐབས་སུ་ས་གནས་སྲིད་གཞུང་གིས་ཚོས་སྣ་འབྲས་སྒྲུབ་དང༌།གཏིང་སྐྱེས་འབྲས་སྒྲུབ(གཟར་འབྲས་སྒྲུབ)ཕག་རི་འབྲས་སྐྲུབ་སོགས་གཏན་འཛུགས་ཀྱིས་ལོ་ལྟར་འབྲུག་དང༌།བལ་ཡུལ། རྒྱ་གར་སོགས་ནས་འབྲས་འབོར་ཆེན་ནང་འདྲེན་བྱེད་པ་དང༌།ཚོང་པ་རྣམས་ཀྱིས་ཀྱང་ལྷོ་བྲག་དོ་བོ་རྫོང་དང༌། གྲོ་མོ།སྟོད་སོགས་ནས་འབྲས་འབོར་ཆེན་ཉོ་སྒྲུབ་ཀྱིས་ཚོང་རྒྱག་པ་བཅས་ལ་བརྟེན།ལྷ་སའི་ཁྲོམ་རའི་ཐོག་གི་འབྲས་ཀྱི་རྣམ་གྲངས་ལ། སྨན་འབྲས་དང༌། གསོལ་ལྕུམ།འབྲུག་འབྲས། གཉའ་འབྲས། ཀློ་འབྲས། ཨ་སུ།  དམར་འབྲས་སོགས་ཡོད།ཇ་ནི་བོད་མིའི་བཏུང་བ་གཙོ་བོ་ཡིན་ཅིང༌།བོད་དུ་ཇ་ཐོག་མར་དར་བ་ནི་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ(676ནས704)ཡི་དུས་སུ་མེས་རྒྱལ་ནང་ཁུལ་ནས་ནང་འདྲེན་བྱས་པ་ཡིན་ཞིང༌།ཇ་ལ་དབྱེ་བ་རྣམ་གྲངས་བཅུ་དྲུག་སྟེ། ཕུ་མདའ་གཉིས་དང༌། ཆར་མ་ཆུ་མ་ཞིང་གསར་ཞིང་རྙིང༌།ས་ཆ་ཡང་ལྕི་དང༌། ལུད་ཅན་ལུད་མེད། རྩེ་ཇ། བར་ཇ་དང༌། ཚ་འདུལ། གྲང་འདུལ།སྨིན་དང་མ་སྨིན་ནོ་ཞེས་ཡིག་རིགས་ཁག་ཏུ་འཁོད་ཡོད་པ་མ་ཟད།རྣམ་གྲངས་སོ་སོའི་མདོག་དང་བྲོ་བ། ཁྱད་ཆོས་སོགས་ཞིབ་པར་བཀོད་ཡོད།ཕྱིས་སུ་ཇའི་རྣམ་གྲངས་ཀྱི་ཐ་སྙད་རྣམས་གནའ་དུས་དང་མི་འདྲ་ཡང་ཇ་སྦག་ཆུང་གི་ནང་མོ་ཅན་དང་འབྲུ་དང་གཉིས་ཕྱེ་བའི་ནང་ཇ་རྟགས་ནོར་བུ་མེ་འབར་དང༌།རིགས་འཛིན་རྡོ་རྗེ། སེང་གེ་ཉལ་མ།བཀྲ་ཤིས་རྟགས་བརྒྱད་སོགས་མི་འདྲ་བ་ཉི་ཤུ་ལྷག་ཡོད་པ་རྣམས་ནི་ལ་ལ་མདོག་ལེགས་པ་དང་འགའ་རེ་བྲོ་བ་འདྲ་མིན་སོགས་ཡོད་པ་ལས་རང་རང་སོ་སོའི་འཕྲོད་ལམ་དང་བྲོ་བའི་གོམས་གཤིས་སོགས་ལ་གཞིགས་ཏེ་འཐུང་བར་བྱེད་ལ།ལ་ལས་རང་གི་འདོད་བློ་ལྟར་འབོར་ཚད་འདྲ་མིན་གྱི་ཇ་རིགས་བཞི་ལྔ་ཙམ་བསྲེས་ནས་ཇ་ཁུ་རྒྱག་པར་བྱེད།ཇ་སྲུབ་མའི་གཙོ་ཆེའི་གྲུབ་ཆ་གཞན་ཞིག་ནི་མར་ཡིན་ཅིང༌། མར་གྱི་རིགས་ལ་འབྲི་མར་དང༌།བ་མར། མཛོ་མར། ར་ལུག་གི་མར་སོགས་ཡོད།དེ་རྣམས་ཀྱི་ནང་ནས་འབྲི་མར་ནི་མདོག་མཛེས་ལ་རོ་ལེགས་པས་ཀུན་གྱིས་དགའ་སྣང་བྱེད། ལྷག་དོན་དུ་འབྲི་ཡར་མའི་འོ་མས་དཀྲོགས་པའི་མར་ནི་བཅུད་ཆེ་བས་ལུས་ཁམས་ལ་ཕན་ཐོགས་ཆེ།འབྲི་མར་དང་བ་མར་མཛོ་མར་བཅས་ནི་དགུན་ཁ་ཁ་དོག་ཅུང་དཀར་ཡང་སྟོན་ཁ་ཁ་དོག་ངང་སྐྱ་དང་དབྱར་གཞུང་དུ་སེར་ཤ་ལྟ་བུ་སེར་ཐིང་ཐིང་དུ་འགྱུར་བ་དེ་ནི་གཙོ་ཆེ་སྔོ་རྩྭ་ཕུན་སུམ་ཚོགས་པ་ཟ་རྒྱུ་བྱུང་བའི་རྐྱེན་གྱིས་ཡིན།མར་འདོན་ཐབས་ཐད་མདོང་དཀྲོགས་དང༌། རྐྱལ་དཀྲོགས་སོགས་ཡོད། མདོང་དཀྲོགས་ཀྱི་མར་དེ་ལེགས་པ་ཡིན།བོད་རིགས་ཀྱིས་མར་ཟ་བའི་གོམས་གཤིས་དེ་ནི་གནའ་དུས་ནས་ཡོད་པ་མ་ཟད།གསོ་བ་རིག་པ་མ་དར་སྔོན་ནས་མར་གྱིས་རྨ་ཁའི་བཅོས་བྱེད་སྲོལ་ཡོད།དཔེར་ན《གསོ་རིག་སྨན་གྱི་ཁོག་འབུགས》སུ་རྨ་གསར་པ་ལ་མར་ཁུ་བཏང་ནས་རྩ་ཁ་སྡོམ་པ།སྦང་མའི་འཇིབ་བྱེད་པ་ལ་སོགས་པ་ཀློ་དང་བོད་དུ་མི་ཆགས་པ་ནས་བཟུང་ཡོད་པར་ཁ་ཅིག་གྲགས་ཞེས་འཁོད་ཡོད་པས་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་པ་མཚོན་ཞིང༌།དུས་ཡུན་དེའི་རིང་ལ་མར་འདྲ་མིན་གྱི་རོ་བཅུད་དང༌།ནམ་དུས་འདྲ་མིན་ལ་མར་གྱི་རོ་བཅུད་ལ་འགྱུར་བ་ཇི་ཡོང༌།དེ་བཞིན་དུ་ཡུལ་ཕྱོགས་གང་གི་མར་རོ་བཅུད་ཆེ་མིན་བཅས་ལ་བོད་མིས་ཉམས་ཞིབ་བྱས་ཏེ་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད།དཔེར་ན་ལྷ་ས་ཉེ་འཁོར་ལ་མཚོན་ན་མལ་དྲོ་གཟི་སྦུག་དང་འདམ་གཞུང་ནས་ཐོན་པའི་མར་ནི་མདོག་དང་རོ་བཅུད་གང་ཅིའི་ཐད་ནས་སྐད་གྲགས་ཆེ་ཞིང༌།ལྷག་དོན་དུ་གཟི་སྦུག་ཁུལ་དུ་རྩྭ་བཅུད་ཆེ་བས་མར་སྤུས་ཧ་ཅང་ལེགས་པའི་རྐྱེན་གྱིས་ཏཱ་ལའི་བླ་མའི་ལྗགས་སྨིན་གསོལ་མར་ཡང་གཟི་སྦུག་ནས་བཞེས་པ་རེད།མར་གྱིས་ཇ་སྲུབ་མ་བཟོ་བ་ཙམ་དུ་མ་ཟད། ཟས་རིགས་མང་པོ་ཞིག་ལ་མེད་དུ་མི་རུང་བ་ཡིན།དཔེར་ན་མར་སྤགས། བག་ཚ་མར་ཁུ། གྲོ་མ་མར་ཁུ། མར་ཟན། ཐུད། ཐུག་པ་སྤགས་བཙོས་མ།ཞོ་མར་ཁུ། འབྲས་སིལ་སོགས་གྲགས་ཅན་གྱི་ཟས་རིགས་ལ་མར་མེད་དུ་མི་རུང་བ་ཡིན།ཇ་མངར་མོ་འཐུང་བའི་གོམས་གཤིས་དེ་དུས་གང་ཞིག་ནས་བྱུང་བ་ཡིག་རིགས་སུ་འཁོད་པ་མ་མཐོང་ཡང་དེ་ནི་ཕྱི་རྒྱལ་ནས་དར་བ་སྨོས་མེད་རེད།དཔེར་ན་ལྷ་སར་སྤྱི་ཚོགས་རྙིང་པའི་སྐབས་ནས་ཆེད་གཉེར་གྱི་འོ་མངར་དང་ཇ་ཁང་ཡོད་པ་མ་ཟད།ཁྱིམ་ཚང་མང་ཆེ་བའི་ནང་དུ་དར་ཁྱབ་ཏུ་སོང་ཟིན་པ་རེད།བོད་མིའི་བཏུང་བ་གཙོ་བོ་གཞན་ཞིག་ནི་ཆང་ཡིན། ཆང་ནི་འབྲུ་བཙོས་ནས་ཕབ་བརྒྱབ་སྟེ་བསླངས་ཤིང༌།དེ་ལ་ཆུ་བརྒྱབ་ནས་བཙགས་པའི་ཉིང་ཁུ་ཡིན་པ་དང༌།ཆང་གི་ནང་དུ་ཨ་རག་ཉིང་ཁུའི་ཚད་གཞི་ཏུའུ20ཡས་མས་ལས་མེད།འོན་ཀྱང་ཆང་ལ་ཇ་སྲུབ་མ་དང་མི་འདྲ་བའི་ཁྱད་ཆོས་དམིགས་བསལ་ཅན་ཞིག་ཡོད།བོད་མིའི་ཆང་ནི་ཁ་བཏགས་དང་འདྲ་བར་བདེ་སྐྱིད་དགའ་སྤྲོའི་རྟེན་འབྲེལ་དང༌།སྐྱེས་འདས་ཀྱི་བྱ་བ་སོགས་བྱེད་སྒོ་བཟང་ངན་གང་ཅིར་མེད་ཐབས་མེད་པ་ཞིག་དང༌།ཆང་ནི་གསོལ་སྟོན་སོགས་ལ་སྤྲོ་བ་འཕེལ་ཕྱིར་འཐུང་བ་མ་ཟད།རྣམ་ཀུན་སྐོམ་སེལ་དུའང་འཐུང་བར་བྱེད་པ་བཅས་ཡིན།གྲོང་ཁྱེར་ནང་ཟས་རིགས་ཀྱི་རྣམ་གྲངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་ཏེ། ས་གནས་ཀྱི་བོད་ཟས་རིགས་མང་བའི་ཐོག་ལ་ཝུན་ཁྲེན་ཀོང་ཇོ་ལྷ་སར་ཕེབས་པ་ནས་བཟུང་བོད་རྒྱ་མི་རིགས་གཉིས་དབོན་ཞང་དུ་འབྲེལ་ཏེ་གང་ཅིའི་ཐད་ལ་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱུང་ཞིང༌།ལྷག་དོན་དུ་ཆིང་རྒྱལ་རབས་ཀྱི་དུས་སུ་ལྷ་སར་ཨམ་བན་དང་དམག་དཔུང་ལོ་མང་རིང་བཅའ་སྡོད་བྱས་པ་དང༌།ལྷ་སའི་ཁྲོམ་གཞུང་དུ་རྒྱ་རིགས་ཚོང་པ་དང༌།ཟ་ཁང་གཉེར་མཁན་ཡང་མི་ཉུང་བ་ཞིག་གཏན་སྡོད་བྱས་པ་བཅས་ཀྱི་རྐྱེན་པས་ནང་སའི་ཟས་རིགས་གཡོས་སྦྱོར་ལག་རྩལ་དང་ཚལ་གྱི་རྣམ་གྲངས་མང་པོ་ཞིག་ལྷ་སར་ཁྱབ་བདལ་བྱུང་ཡོད།དེ་བཞིན་ལྷ་ས་བ་མང་པོ་ཞིག་རྒྱ་གར་དུ་གནས་མཇལ་ལ་འགྲོ་བ་དང༌།ཚོང་པ་མང་པོ་ལོ་ལྟར་རྒྱ་གར་ལ་ཚོང་སྒྲུབ་ཏུ་འགྲོ་བ་བཅས་ཀྱིས་རྐྱེན་པས་རྒྱ་གར་གྱི་ཟས་རིགས་འགའ་རེ་ཡང་ལྷ་སར་དར་ཡོད།དེ་སྔ་ལྷ་སའི་ཁྲོམ་གཞུང་དུ་ཆེད་མངགས་རྒྱ་མཚོའི་ཐོན་ཁུངས་ཀན་ཚལ་ཚོང་མཁན་གྱི་ཚོང་ཁང་དང་ཆེད་མངགས་སྨན་ཁྲོག་གི་རིགས་ཚོང་མཁན་ཡང་ཡོད།བོད་མིའི་གཙོ་ཆེའི་ཞོར་ཟས་གྲས་སུ་ཤ་རིགས་ཤས་ཆེ་ཞིང༌། གཙོ་ཆེའི་ཟ་ཤ་ནི་ཚགས་ཤལུག་ཤ་ཡིན་ཀྱང༌། ཕག་ཤ  ཉ་ཤ  བྱ་ཤ་སོགས་ཀྱང་མང་ཆེ་བས་ཟ་བར་བྱེད། འོན་ཀྱང་རྟ་ཤ བོང་ཤ ཁྱི་ཤ་སོགས་ནི་འཛེམས་བྱར་བྱས་ནས་མི་ཟ་བ་མ་ཟད།གཞན་གྱིས་ཟ་བ་མཐོང་ནའང་སྐྱུག་བྲོ་བྱེད་པ་དང༌།དེ་སྔ་ཡིན་ན་ཤ་རིགས་དེ་རྣམས་ཟ་མཁན་མཉམ་དུ་ལྟོ་ཡང་མི་ཟ་ཞིང༌།བོད་མི་རྣམས་ཀྱིས་སྲོག་ཆགས་མཆེ་སྡེར་ཅན་གཅན་གཟན་གྱི་རིགས་དང༌།རྨིག་གཅིག་པ་བཅས་དེ་རིགས་ཀྱི་ཤ་མི་ཟ།ཚགས་ཤ་དང་ལུག་ཤ་སྐམ་པོ་ནི་བོད་རིགས་ཡོངས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་ཟས་ཤིག་ཡིན་པས་རྒན་རྒོན་རྣམས་ཀྱིས་ཀྱང་ཤ་སྐམ་པོ་ཞིབ་མོར་བརྫོགས་ཏེ་ཚྭ་དང་ཇ་ཆུ་ཐང་བླུགས་ཏེ་སྤགས་འདེད་དུ་ཟ་རྒྱུར་ཧ་ཅང་དགའ་པོ་བྱེད།རྣམ་ཀུན་གྱི་ཁ་ལག་གྲས་སུ་ཤ་མོག་མོག་དང་ཤ་འབྲས། སྤགས་འདེད་དུ་ཤ་བརྗེན་དང༌།རྒྱུ་མ་བརྔོས་པ། ཤ་བཀྲག ཤ་རྡོག་བཙོས།དེ་བཞིན་དགུན་དུས་སུ་མཆིན་འཁྱག་སོགས་སི་པན་མཉམ་དུ་ཟ་རྒྱུར་དགའ་པོ་བྱེད།ཚལ་རིགས་ཀྱི་གྲས་སུ་དེ་སྔོན་ཞོག་ཁོག་ལ་ཕུག་དང༌། པད་ཚལ། ཨོའོ་སུན། ཇིན་ཚལ།ཀྲུའུ་མ་ཀྲུ། ཀོའོ། བེད། ལན་གོའོ་པད་ཚལ། འུ་སུ་སོགས་ཡོད།