བདེ་ཆེན་ཡུལ་སྐོར་བགྲོད་ལམ་འདིས་ཁྱེད་ལ་སྣང་གསར་བ་ཞིག་སྟེར་ངེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-24   རྩོམ་ཁུངས།    སེམས་ཀྱི་བོད་ཡིག་དྲ་བ།

        ཉེ་བའི་ལོ་འདི་དག་གི་རིང་བདེ་ཆེན་གྱིས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ནུས་ཤུགས་ཆེན་པོ་བཏོན་ལ།ཡུལ་སྐོར་ཀྱིས་དབུལ་སྒྲོལ་འགལ་སྒྲོལ་གྱི་རླབས་ཆེའི་ལས་འགན་འགྲུབ་པར་རེ་བ་ཆེན་པོ་བཅོལ་ཡོད་པ་རེད། འོན་ཀྱང་རང་ཁུལ་གྱི་དུས་བཞིའི་ཡུལ་སྐོར་དེ་འདྲ་དོ་མཉམ་མིན་ཏེ། ལྷག་པར་དུ་དགུན་དུས་ཡུལ་སྐོར་དམིགས་གསལ་གྱིས་ཤུགས་མེད་དང་ཞན་ཕྱོགས་ཤིག་ཏུ་གྱུར་ཡོད། དེ་ཕྱིར་བདེ་ཆེན་ཁུལ་ཡུལ་སྐོར་རིག་གནས་ཅུས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་བཀོད་སྒྲིག་སྒྲིག་བཀོད་ལྟར་བྱེད་ཐབས་སྣ་ཚོགས་སྤྱད་ནས་དགུན་དུས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཤུགས་སྣོན་བརྒྱབ་པ་རེད། ཉེ་ཆར། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་གསུམ་དང་ཉམས་ལེན་གཅིག་ཅེས་པའི་དགུན་དུས་ཡུལ་སྐོར་ཐོན་རྫས་ལམ་ཐིག་སྟེ།ཁ་བའི་མཛེས་ལྗོངས། དུས་བྱའི་མཛེས་ལྗོངས། ཉི་རྩེ་གསེར་རིར་འཕྲོས་པའི་མཛེས་ལྗོངས་བཅས་མཛེས་ལྗོངས་གསུམ་དང་། མངོན་མིན་རིག་གནས་ཤུལ་བཞག་ལ་མྱོང་རོལ་བྱེད་པ་སྟེ་མྱོང་རོལ་གཅིག་བཅས་ཡིན་པ་རེད།

        ཁ་བའི་མཛེས་ལྗོངས། དགུན་དུས་ཀྱི་བདེ་ཆེན་ནི་ཁ་བའི་མཛེས་ལྗོངས་ཕུན་སུམ་ཚོགས་པའི་གནས་མཆོག་ཅིག་ཡིན་ལ།ཁ་བའི་འདབ་མའི་དངུལ་དཀར་གྱི་ལྭ་རིང་བཀླུབས་པའི་ས་མཐོའི་གྲོང་ཁྱེར་འདི་དང་པོ་ཏ་མཚོ། གནས་མཆོག་ཁ་བ་དཀར་པོ། བྱ་རིགས་ཚོགས་ཀྱི་རྩེད་འཇོ་ལ་རོལ་བཞིན་པའི་ནགས་ཕག་མཚོ། དེ་མིན་དགའ་ལྡན་སུམ་རྩེན་གླིང་བཅས་ཀྱི་ཁ་རྗེས་ཀྱི་མཛེས་ལྗོངས་ལས་ཁྱེད་ལ་སྣང་བ་གསར་བ་ཞིག་སྟེར་ངེས་ཡིན།





    དུས་བྱའི་མཛེས་ལྗོངས། དགུན་དུས་སུ་བྱ་རིགས་བརྒྱ་ཕྲག་གིས་གྲུབ་པའི་བྱ་ཚོགས་ནགས་ཕག་མཚོར་དགུན་སྐྱེལ་དུ་འཕུར་ཡོང་ལ། གཟན་ཆས་ཕུན་སུམ་ཚོགས་པའི་ནགས་ཕག་མཚོ་དེ་དུས་བྱ་ཁྲི་ཕྲག་གི་དགུན་སྐྱེལ་སའི་གནས་མཆོག་ཏུ་གྱུར་ཡོད། དེ་ནི་ཁྱེད་ཀྱིས་དུས་རྒྱུན་བལྟ་འདོད་ཆེ་ཡང་མཐོང་བར་དཀོན་པའི་མཛེས་ལྗོངས་ཤིག་ཡིན་པར་ཐེ་ཚོམ་མེད།



        ཉི་རྩེ་གསེར་རིར་འཕྲོས་པའི་མཛེས་ལྗོངས།  དགུན་དུས་ནི་འཇོལ་རྫོང་ཁ་བ་དཀར་པོའི་ཉི་རྩེ་གསེར་རིར་འཕྲོས་པའི་མཛེས་ལྗོངས་ལ་ལྟ་བའི་དུས་ཚིགས་ཡག་ཤོས་ཡིན་ལ། ཉི་རྩེ་གསེར་རིར་འཕྲོས་པ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་དགུན་དུས་པར་ལེན་ཡུལ་སྐོར་བྱེད་སྒོ་ཡང་མི་འགྱང་བར་སྤེལ་རྩིས་ཡོད། འདི་ནི་བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་པར་རྒྱག་མཁས་ཅན་དང་པར་རྒྱག་རྒྱུར་དགའ་པོ་བྱེད་མཁན་ཚོར་ཆེད་མངགས་ཇུས་འགོད་བྱས་པའི་དགུན་དུས་ཀྱི་ངོ་མཚར་མཛེས་ལྗོངས་དང་ངོ་མཚར་ཆེ་བའི་ཡུལ་སྲོལ་གོམས་གཤིས་ཀྱི་ཡུལ་སྐོར་ཞིག་ཡིན།གཞན་ད་དུང་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་ནས་ཡང་ཉི་རྩེ་གསེར་རིར་འཕྲོས་པའི་མཛེས་ལྗོངས་ལ་ལྟ་ཐུབ།

        མངོན་མིན་རིག་གནས་ཤུལ་བཞག་གི་མྱོང་རོལ།བདེ་ཆེན་དུ་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་རྣམ་གྲངས་དང་། 《གེ་སར(སེར)》སྲོལ་རྒྱུན་གྱི་ལོ་རྒྱུས་སྙན་ངག་མྱོང་རོལ་ཐུབ་པ།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་8དང་། བོད་རིགས་ཀྱི་རྫ་ནག་སྲེག་པའི་ལག་རྩལ་དང་། འཇོལ་གཞས། ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཁྲེ། རལ་པའི་ཞབས་བྲོ།འཇང་རིགས་ཀྱི་ལག་ཤེས་ཤོག་བུ་བཟོ་བའི་ལག་རྩལ།བོད་ལུགས་གསོ་རིག(བོད་ལུགས་གསོ་རིག་གི་རུས་རྨས་གསོ་ཐབས)མེ་ལི་ལྷ་རི་མཆོད་འབུལ་སོགས་ཡོད།ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་10ཡི་ནང་བོད་རིགས་ཀྱི་སྲོལ་རྒྱུན་ལྕགས་རིགས་ལུགས་རྒྱག་བཟོ་རྩལ་དང་།བདེ་ཆེན་གྱི་བོད་གྲི་བཟོ་བའི་ལག་རྩལ། ཤིང་ཕོར་བཟོ་བའི་ལག་རྩལ།ལི་སུའུ་རིགས་ཀྱིས་གནམ་གྱི་གནའ་བོའི་གླུ་གཞས། ཨ་ལེའི་གནའ་གླུ།བྲག་ཕུག་གི་གླུ་དབྱངས། བོད་རིགས་ཀྱི་ཆང་གཞས། འཇོལ་གཞས། མཐའ་ཆུ་གྲོང་རྡལ་གྱི་རས་པ་སོགས་མང་བོ་ཡོད་པ་རེད།