ལྷ་སས་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་འཆར་གཞི་བཏོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-23   རྩོམ་ཁུངས།   

        ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། 《ལྷ་སའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་འཆར་གཞི》(གཤམ་དུ《འཆར་གཞི》ཞེས་བསྡུ་རྒྱུ)ལ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་འབྲེལ་དངོས་སུ་ནུས་པ་ཐོན་ཡོད། ལྷ་སར་ལོ་རྒྱུས་རིག་གནས་ཤུལ་བཞག་གི་ཁྱད་ཆོས་དང་འཚམ་པའི་རིམ་པ་མང་བའི་སྲུང་སྐྱོང་འཆར་གཞིའི་མ་ལག་ཅིག་བསྐྲུན་ཏེ། ལྷ་སའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་རིན་ཐང་དང་གྲོང་ཁྱེར་གྱི་བྱེད་ནུས་ཟུང་འབྲེལ་དམ་ཟབ་ཐུབ་རྒྱུ་དང་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་སྲུང་སྐྱོང་འཆར་གཞི་འགོད་པའི་ལས་དོན་དེ་གྲོང་ཁྱེར་ཡོངས་དང་། ལྷ་སའི་ལུང་གཞུང(ལྟེ་བའི་གྲོང་ཁུལ) ལོ་རྒྱུས་གྲོང་ཁུལ། ལོ་རྒྱུས་ས་ཁོངས། རིག་གནས་གནའ་ཤུལ་བཅས་རིམ་པ་མི་འདྲ་བ་ལྔར་ཕྱེ་ནས་སྤེལ་རྒྱུ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་29518ཟིན་རྒྱུ། ལྷ་ས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་ལྟེ་བའི་གྲོང་ཁུལ་དང་ལོ་རྒྱུས་གྲོང་ཁུལ་ལ་དམིགས་ཏེ། སྲུང་སྐྱོང་བླང་བྱ་དང་དོ་དམ་བྱེད་ཐབས་བཟོ་རྒྱུ་བཅས་རེད།

        《འཆར་གཞིའི》བླང་བྱ་གཞིར་བཟུང་། ལྷ་སའི་ལོ་རྒྱུས་གྲོང་ཁུལ་ནང་བཤིག་སྐྲུན་ཆེན་པོ་མི་བྱེད་པར་སྲོལ་རྒྱུན་གྱི་རྣམ་པ་དང་ལོ་རྒྱུས་ལྡན་པའི་ཁྲོམ་གཞུང་དང་སྲང་ལམ་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔོན་ཡོད་ཀྱི་ལོ་རྒྱུས་ཀྱི་ཉམས་འགྱུར་སོར་འཇོག་གང་ཐུབ་ཅི་ཐུབ་བྱེད་པ་དང་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་མི་ཆག་པ་བྱེད་པའི་རྨང་གཞིའི་ཐོག ཞིག་ལོག་བྱུང་བ་དང་ཉམས་གསོ་མ་བྱུང་བའི་ལོ་རྒྱུས་ཀྱི་འཛུགས་སྐྲུན་དངོས་པོར་སྲུང་སྐྱོང་རང་བཞིན་གྱི་ཞིག་གསོ་བྱ་རྒྱུ་དང་། ལོ་རྒྱུས་གྲོང་ཁུལ་ནང་གི་འཛུགས་སྐྲུན་དངོས་པོའི་མཐོ་ཚད་ཚོད་འཛིན་བྱེད་པར་དམིགས་ཏེ། འཛམ་གླིང་གི་རིག་གནས་ཤུལ་བཞག་དང་། རིག་དངོས་སྲུང་སྐྱོང་ཚན་པ། ལོ་རྒྱུས་རིག་གནས་ཁྲོམ་གཞུང་སོགས་ཀྱི་མཐོ་ཚད་ཚོད་འཛིན་གྱི་ཚད་གཞི་དམའ་ཤོས་གཞིར་བཟུང་ལག་བསྟར་བྱེད་པ་ཕུད། དེ་བྱིངས་ཀྱི་གསར་དུ་བསྐྲུན་པའི་འཛུགས་སྐྲུན་དངོས་པོའི་མཐོ་ཚད་སྨི་15ལས་མི་བརྒལ་བ་བྱ་རྒྱུ། ཤིན་ཏུ་མཐོ་བའི་འཛུགས་སྐྲུན་དངོས་པོ་དམའ་རུ་འོས་འཚམ་གཏོང་རྒྱུ་བཅས་རེད།

        《འཆར་གཞིའི》ནང་ལྷ་སའི་གྲོང་ཁུལ་རྙིང་པའི་ཁྱབ་ཁོངས་ནང་གི་སྡེབ་ཚོང་ཁྲོམ་ར་ཆེ་གྲས་དང་། སྲིད་འཛིན་གཞུང་ལས་ཁང་། བཟོ་ལས་མཛོད་ཁང་སོགས་བྱེད་ནུས་གཙོ་བོ་མིན་པ་དག་རིམ་བཞིན་ཕྱིར་སྤོས་ནས་མི་འབོར་ཉུང་དུ་འགྲོ་ཐབས་བྱེད་དགོས་པའི་བླང་བྱའང་བཏོན་ཡོད། སྔོན་དཔག་བྱས་ན། འཆར་གཞི་ལག་བསྟར་གྱི་དུས་མཇུག་ཏུ་བར་སྐོར་རིག་གནས་ལོ་རྒྱུས་སྲང་ལམ་ཁུལ་གྱི་མི་འབོར་འདུས་ཚད་ད་ལྟའི་སྤྱི་ཆིང་རེར་མི་310ནས་སྤྱི་ཆིང་རེར་མི་280མན་བར་ཉུང་དུ་གཏོང་བ་དང་ལོ་རྒྱུས་གྲོང་ཁུལ་གྱི་མི་འབོར་འདུས་ཚད་ད་ལྟའི་སྤྱི་ཆིང་རེར་མི་250ནས་སྤྱི་ཆིང་རེར་མི་200མན་བར་ཉུང་དུ་བཏང་སྟེ། གྲོང་ཁུལ་རྙིང་པའི་མི་འབོར་འདུས་ཚད་དང་འཛུགས་སྐྲུན་དངོས་པོའི་རྒྱ་ཁྱོན་ཚོད་འཛིན་བྱ་རྒྱུ་དང་གྲོང་ཁུལ་རྙིང་པའི་བྱེད་ནུས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་རེད།

        “ང་ཚོས《ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་སྲོལ་ཡིག》རྟ་སྒ་ཆ་སྒྲིག་ངང་བཟོས་ཏེ། བརྒྱུད་རིམ་ལྡན་ལ་ཆ་ཚང་བའི་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་ཁྲིམས་སྲོལ་མ་ལག་ཅིག་བསྐྲུན་ནས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་བྱ་རྒྱུར་བོད་ཀྱི་ཉམས་མྱོང་མཁོ་འདོན་བྱ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་ཀྲང་ཀང་ཆང་གིས་བཤད་པ་རེད།

བོད་ཀྱི་ལྷ་ས་གྲོང་ཁྱེར་ནི་ལོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་གྲོང་ཞིག་རེད་ལ། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཁག་དང་པོའི་གྲས་ཤིག་ཀྱང་རེད། ལྷ་སར་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། གཙུག་ལག་ཁང་སོགས་རྒྱལ་ཁབ་ཕྱི་ནང་གང་སར་སྐད་གྲགས་ཆོད་པའི་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡོད་པ་མ་ཟད། ད་དུང་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། །