ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ལྕགས་ཕོ་བྱི་བ་ལོའི(༢༠༢༠)ལོ་སར་དགོང་ཚོགས་ཀྱི་ཕབ་སྐྲུན་བྱ་བ་ལེགས་པར་གྲུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-16   རྩོམ་ཁུངས།    མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་བསྒྲོགས་བརྙན་འཕྲིན་ཁང་།

   

     མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ལྕགས་ཕོ་བྱི་བ་ལོའི(༢༠༢༠)ལོ་སར་དགོང་ཚོགས་༼སྐལ་བཟང་དཔྱིད་ཀྱི་སྨོན་འདུན་༽ཞེས་པ་ཟླ12པའི་ཚེས14དང15ཉིན་གྱི་དགོང་མོར་ཟི་ལིང་ནས་ཕབ་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་། དགོང་ཚོགས་སྟེང་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས།  རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་སྤྱིའི་བརྗོད་དོན་དུ་བཟུང་སྟེ་དུས་རབས་གསར་བའི་སྣང་ཚུལ་ཉམས་དགའ་བ་དེ་དང་གནམ་ལོ་གསར་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་དེ་མངོན་པར་མཚོན་སླད། ས་གནས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་དམངས་ཁྲོད་ཀྱི་གླུ་དང་རྡུང་ལེན། རྩེད་རིག དེང་རབས་ཀྱི་གཞས་དང་ཞབས་བྲོ། གར་ཆུང་། ཟློས་གར་སོགས་འཁྲབ་ཚན་བཅུ་དགུ་ཡིས་གྲུབ་ཅིང་། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུའི་རིང་ལ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།  ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱི་ཡང་དག་པའི་མགོ་ཁྲིད་འོག བོད་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་སོགས་ཕྱོགས་གང་ཅིའི་ཐད་གནས་བླངས་པའི་མངོན་གསལ་གྱི་གྲུབ་འབྲས་མཚོན་པར་བྱས་ཡོད།

    ལོ་རེར་ཐེངས་རེ་སྒྲུབ་བཞིན་པའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་བོད་ལུགས་ལོ་སར་དགོང་ཚོགས་ནི་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རེ་སྒུག་བྱེད་བཞིན་པའི་རིག་རྩལ་དགོང་ཚོགས་ཤིག་ཡིན་ལ། བོད་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་མྱོང་གཟིགས་བྱེད་པའི་སྒེའུ་ཁུང་ལྟ་བུར་ཡང་གྱུར་ཡོད། 1989ལོར་ལོ་སར་དགོང་ཚོགས་ཐེངས་དང་པོ་སྤེལ་བ་ནས་ད་ལྟའི་བར་སྔ་རྗེས་སུ་ཐེངས་སུམ་ཅུ་སྤེལ་ནས། ཕུལ་དུ་བྱུང་བའི་རིག་རྩལ་བརྩམས་ཆོས་མང་པོ་སྔོག་འདོན་དང་སྒྱུ་རྩལ་པ་མང་པོ་གསོ་སྐྱོང་གནང་ཡོད། ད་ལོའི་ལོ་སར་དགོང་ཚོགས་སྟེང་ནས་སྨྲ་ལྕེའི་མཐུ་རྩལ་ལ་མངའ་བརྙེས་པའི་མདོ་དབུས་ཁམས་གསུམ་གྱི་མདོ་འཛིན་པས་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་གཡང་བདེ་མོ་ངག་ལ་དྲངས་ཏེ་མདོ་འཛིན་བྱས་པ་དང་། བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་པ230གར་སྟེགས་གཅིག་ཏུ་འཛོམས་ནས་འཁྲབ་སྟོན་བྱས། གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མ་ལས་གཞན། བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་དང་དམངས་གླུའི་སྒྱུ་རྩལ་པ་གླུ་གར་རྒྱལ། རིན་ཁོ། རྟ་བྷོ། གཞོན་སྐྱེས་གླུ་བ་ཤེར་བསྟན། པད་མ་བསམ་འགྲུབ་སོགས་བོད་ཁུལ་ན་དགའ་བསུ་ཐོབ་བཞིན་པའི་འཁྲབ་སྟོན་པ་མང་པོ་གདན་འདྲེན་ཞུས་ཡོད་པ་དང་། འཁྲབ་སྟོན་གྱི་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་ཨ་མདོའི་དམངས་གླུ་དང་རྩེད་རིག་ལས་གཞན་ཡུལ་ཤུལ་གྱི་བྲོ་དང་། བདེ་ཆེན་དང་ཆབ་མདོའི་བྲོ་གཞས། ལྷ་སའི་ནང་མ། མངའ་རིས་སྒྲ་སྙན། ཐེ་བོ་དང་འབྲུག་ཆུའི་དམངས་གླུ་སོགས་ཡོད། 

    ད་ལོའི་ལོ་སར་དགོང་ཚོགས་ནི2020ལོའི་དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་སར་སྐབས་ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་དུས་མཉམ་དུ་གཏང་རྒྱུ་ཡིན་ལ། ཨ་མདོ་བརྙན་འཕྲིན་གྱི་གཞུང་ཕྱོགས་སྤྱི་སྟེགས་དང་ཉིན་རེའི་གངས་ལྗོངས་སྤྱི་སྟེགས། ཨ་མདོ་བརྙན་འཕྲིན་གྱི་འཁྱུག་དབྱིངས་བཅས་ནས་ཀྱང་སྤེལ་རྒྱུ་རེད།