ཤེས་དགོས་པའི་བོད་ཀྱི་ལུགས་སྲོལ་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-09   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        བོད་རིག་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་དུ་ལོ་རྒྱུས་ཡུན་རིང་བ་དང་།  ཁྱད་ཆོས་གསལ་བ།  ནང་དོན་འཐུས་ཚང་།  རྣམ་མང་འོད་འབར་བའི་རིག་གནས་གསར་སྐྲུན་བྱས་ཡོད།

        ཐབ་ཀའམ་སྒྱེད་ཁུག་གཡས་སམ་ལྟག་ནས་འགྲོ་འོང་བྱས་ན་ཁྱིམ་ཚང་དེའི་ལྷ་སྲུང་དང་ཁྱིམ་མིར་བརྩི་བཀུར་མ་བྱས་པར་བརྩི་བས་དེ་ལྟར་མི་རུང་ངོ་།།

        འབྲོག་པའི་སྦྲ་ཁྱིམ་དུ་མགྲོན་ལ་ཕྱིན་ན་སྦྲའི་ཤར་ཕྱོགས་ནས་ཕྱིན་ན་ལེགས། ཤར་གྱི་གྲོག་ལམ་དང་བྱང་གི་དགྲ་ལམ། ནུབ་ཀྱི་གདོན་ལམ་དང་ལྷོའི་གཤིན་ལམ་ཟེར་ཞིང་། དགོང་མོ་ཉི་ནུབ་ཀྱི་དུས་སུ་ནུབ་དང་བྱང་ཕྱོགས་ནས་འོང་བའི་མགྲོན་ལམ་འཛེམ་ཞིང་ཁྱིམ་དེར་ནད་པ་འདྲ་ཡོད་ན་ལྷོ་ཕྱོགས་ནས་འོང་བའི་མགྲོན་པོ་ལྷག་པར་འཛེམས་ཤིང་རྣམ་དག་བྱེད་པ་རེད།

        སྒོ་ཆོན་ཐག་ལ་རྟ་འདོགས་མི་རུང་། སྒོ་ཆོན་ལ་རྟ་བཏགས་པ་ནི་ཁྱིམ་ཚང་དེའི་ཁྱིམ་མི་ཞིག་འདས་གྲོངས་སུ་སོང་བའི་རྟགས་སུ་བརྩི་བ་རེད། དེ་མ་ཟད་རྟ་ལྷ་མནོལ་ཏེ་རྟ་གྱོང་ཡང་འོང་བར་བཤད་དོ།།

        ཐབ་ཀའི་སྟེང་དུ་ཁྱིམ་ཚང་རང་གི་མིས་ཀྱང་ལྷམ་དང་རྐང་འབོབ་དོར་མ་སོགས་སྨད་ལ་གྱོན་རྒྱུའི་རིགས་སྐམ་སྲད་བྱས་ན་ཐབ་ལྷ་དང་ཁྱིམ་ལྷ་མནོལ་ཞིང་བཀྲ་མི་ཤིས་པ་འབྱུང་བས་དེ་ལྟར་བྱ་མི་རུང་ངོ་།

        མི་སྒེར་གྱི་ཐུར་མ་དང་ཁེམ་བུ་སོགས་ཀྱིས་ཟས་བླངས་ཏེ་གཟའ་ཚང་མ་ཡིན་པའི་མི་གཞན་ལ་སྟེར་སྲོལ་མེད་ཅིང་། དེ་ནི་བརྩི་བཀུར་མ་བྱས་པ་ཞིག་ཏུ་བརྩི།

        ཡུལ་གཞན་དུ་འགྲོ་སྐབས་ལམ་བར་ནས་ཆུ་བླངས་ཏེ་ཕྱིར་ཁྱིམ་དུ་ལོག་མཁན་དང་ཕྲད་ན་ཤིན་ཏུ་བཀྲ་ཤིས་པའི་རྟགས་ཡིན་པས། ཆུ་མ་རྒྱལ་མོ་ངོ་སོ་བསྟོད། ཆུ་ཕུད་དཀོན་མཆོག་གསུམ་ལ་མཆོད་ཟེར་གྱིན་ཞྭ་ཕུད་དེ་དགའ་བས་བསྒོམས་དགོས་སོ།

        དངོས་རྫས་གང་ཡིན་ཡང་སྟེང་ནས་བགོམ་ཏེ་འགྲོ་མི་རུང་། གཞན་གྱིས་འགོམ་ཡུག་ཤོར་བའི་ཅ་ལག་བཀོལ་ན་ལུས་ལྷ་དང་ཕྲག་ལྷ་ཉམས་ཏེ་བརྗེད་ངེས་ཆེ་ཞིང་དྲན་པ་མི་གསལ་བ་སོགས་ཀྱི་མནོལ་གྲིབ་ཕོག་པར་བཤད། བོད་མི་རིགས་ཀྱིས་ཅ་ལག་ལ་འགོམ་ཡུག་ཤོར་བར་ཤིན་ཏུ་འཛེམ་བག་ཆེན་པོ་བྱེད་ཅིང་། འགོམ་ཡུག་ཤོར་བའི་ཅ་ལག་ཤུག་པ་བདུག་པ་སོགས་ཀྱིས་གཙང་སྦྲ་བྱས་རྗེས་བཀོལ་ཆོག

        ཕུན་ཆོན་སྟེང་ནས་བགོམས་ན་ཕུག་ལྷ་བནོལ་ཞིང་ཁྱིམ་དེར་བཀྲ་མི་ཤིས་པ་འབྱུང་བས་ཕུག་ཆོན་སྟེང་ནས་བགོམ་པར་མི་བྱའོ།།

        གང་འདོད་དུ་གྲི་ས་ལ་འཛུག་མི་རུང་། གྲི་ས་ལ་བཙུགས་ན་ཨ་མ་ལ་གྲི་བསྣུན་པ་དང་མཚུངས་བའི་ཉེས་པ་ཡོད་པར་བཤད། འོན་ཀྱང་སེར་དྲག་བབས་སྟེ་གློག་འཁྱུགས་སྐབས་གྲི་ལྕགས་ས་ལ་བརྡབས་ན་ཐོག་བཅོས་བྱེད་སྲོལ་ཡོད།

        རྐུབ་སྟེགས་མ་ཡིན་པའི་ཅ་ལག་གིས་རྐུབ་སྟེགས་བྱས་ཏེ་བསྡད་ན་ཁྱིམ་ཚང་དེར་བརྩི་བཀུར་མ་བྱས་པར་བརྩི་བས། ཅ་ལག་གང་ཡིན་གྱི་སྟེང་དུ་རྐུབ་སྟེགས་བྱས་ཏེ་འདུག་པར་མི་བྱ། ལྷག་པར་དུ་ལྷ་རྟེན་དང་གསུང་རབ་ཟ་མ་སོགས་ཀྱི་སྟེང་དུ་འདུག་མི་རུང་ངོ་།།

        ཟས་ཟོས་རྗེས་ཕོར་བ་ཁ་སྦུབས་ཏེ་འཇོག་མི་རུང་། ཕོར་བའི་བདག་པོ་ཤི་སོང་ན་ད་གཟོད་མི་དེའི་ཕོར་བ་སྦུབས་ཏེ་འཇོག་སྲོལ་ཡོད།

        དཀར་ཡོལ་ལ་ཐུར་མ་སོགས་ཀྱིས་བརྡུངས་ཏེ་སྒྲ་དཀྲོལ་མི་རུང་། ཕོར་བའི་བདག་པོའི་བླ་འཁྱམས་ན་ད་གཟོད་ཁོའི་ཕོར་བ་བརྡུངས་ཏེ་བླ་སྲོག་འགུག་སྲོལ་ཡོད།

        རང་གི་ཞྭ་མོ་མི་གཞན་ལ་གྱོན་དུ་འཇུག་པའམ་ལྷག་པར་དུ་བྱིས་པའི་མགོ་ལ་ཞྭ་མོ་གང་འདོད་དུ་འགེབ་མི་རུང་། གཞན་གྱི་ཞྭ་མོ་གྱོན་ན་ཤེས་རབ་དང་དྲན་པ་མི་གསལ་བ་སོགས་ཀྱི་མནོལ་གྲིབ་ཕོག་པར་བཤད་པས་སོ།།

        སྐྱོགས་དང་བ་མ་སོགས་ཐུན་མོང་གིས་བེད་སྤྱོད་པའི་སྣོད་ཆས་ལ་མཆུ་ཡིས་རེག་ནས་ཟ་བ་སོགས་བྱེད་མི་རུང་ངོ་།

        ཐལ་བ་ཕོ་བ་དང་ཆུ་ལེན་དུ་འགྲོ་སྐབས་གློ་བར་དུ་མགྲོན་པོའམ་མི་གཞན་ལ་ཕྲད་ན་མྱུར་དུ་ཐལ་གཞོང་ངམ་ཟོམ་སྟོང་རྒྱབ་ཏུ་བསྐུངས་ཏེ་མགྲོན་པོར་མི་མཐོང་བར་བྱེད་པའམ་ས་རུ་བཞག་སྟེ། ཁ་ནས་ཁོ་བཀྲ་ཤིས་པར་གྱུར་ཅིག་ཅེས་བརྗོད་དགོས་སོ།།

        དུས་རྒྱུན་སྒོ་ཁྱིའི་གམ་དུ་འགྲོ་མི་རུང་ལ་ལྷག་པར་ལག་པས་རེག་མི་རུང་། རྒྱུ་མཚན་ནི་ཁྱི་ནི་གློ་བར་དུ་ཁོང་ཁྲོ་ལངས་སྲིད་ལ་སྐབས་འགར་བདག་པོའི་ཁར་ཡང་མི་ཉན་པའམ་བདག་པོར་རྨུགས་པའི་གནས་ཚུལ་ཡང་འབྱུང་བས་སོ།།

        གཞན་ལ་གྲི་དང་འབིག་སོགས་མཚོན་ཆའི་རིགས་སྟེར་སྐབས་མཚོན་རྩེ་རང་ལ་བསྐོར་ཞིང་ཡུ་བ་གཞན་ལ་གཏད་དེ་སྟེར་དགོས། མཚོན་རྩེ་གཞན་ལ་གཏད་དེ་སྟེར་བ་ནི་གཞན་ལ་མ་གུས་པའི་མཚོན་རྟགས་ཞིག་ཡིན།

        ཐབ་ཀ་ནི་བོད་མི་རིགས་ཀྱི་ཆེས་གཙང་སྦྲ་དང་མནོལ་གྲིབ་ཕོག་པར་འཛེམ་པའི་དངོས་པོ་ཞིག་ཡིན། ཐབ་ཀ་ལ་ཐབ་ལྷ་དང་། ཟས་ལྷ། གཡང་ལྷ་སོགས་གནས་ཡོད་པས་གལ་ཏེ་ཐབ་ཀ་ལ་མནོལ་གྲིབ་ཤོར་ན་ཟས་ལ་བྲོ་བ་དང་བཅུད་མེད་པ། ཟས་རིགས་ཀྱིས་འདང་ཡུན་ཐུང་བ། འོ་མ་རུལ་སླ་ཞིང་ཞོ་མི་ཆགས་པ། གཟའ་འཁོན་བྱེད་པ་སོགས་བཀྲ་མི་ཤིས་པའི་དོན་མང་འབྱུང་བར་བཤད་དོ།།

        མགྲོན་པོ་ཕྱིར་ཕེབས་མ་ཐག་ཤུལ་དུ་གཙང་ཕྱགས་བྱ་མི་རུང་། བླ་མ་དང་དགེ་རྒན། མགྲོན་པོ་སོགས་ཡུལ་གཉན་པོའི་རིགས་ཡིན་ན་བཞུགས་གདན་ཞག་གཅིག་གི་རིང་ལ་མི་སྒུལ་བར་གདན་སྟེང་དུ་ཁ་བཏགས་འཕེན་པའམ་ནས་འབྲུ་གཏོར་ཏེ་འཇོག་དགོས་སོ། །