ལྟ་ན་སྡུག་པའི་མཚོ་སྔོན་དུ། ཡིད་འོང་གཙང་གསུམ་ཆུ་འགོ་བསྐྲུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-05   རྩོམ་ཁུངས།    མི་དམངས་དྲ་བ།

      མཚོ་སྔོན་གྱི་སྣོད་བཅུད་ཐོན་ཁུངས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་18.39ཟིན་པ་དང་། ལོ་ལྟར་སྣོད་བཅུད་ལ་ཞབས་འདེགས་ཞུ་བའི་རིན་ཐང་སྒོར་དུང་ཕྱུར་7300ཟིན་ཡོད།
    སྤྱི་ལེ་ངོས་གྲུ་ཁྲི་72ཀྱི་ས་གཞིའི་ཐོག་མཚོ་མོ་5000ལྷག་ཙམ་ནམ་མཁའི་སྐར་ཚོགས་ལྟར་ཁ་ཐོར་དུ་གནས་པ་དང་གཙང་ཆུ་4200ལྷག་ཙམ་འཕྲེད་གཞུང་སྣོལ་མར་གནས་ཏེ་ལོ་ལྟར་བཞུར་ཆུ་སྨད་རྒྱུད་ལ་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་600ཙམ་རྒྱུག་གི་ཡོད།
གོ་ལ་ཧྲིལ་པོའི་སྣོད་བཅུད་སྙོམས་སྒྲིག་ཡོ་ཆས།
    “དུས་རབས་གསར་པའི་ཀྲུང་གོ་མཛེས་སྡུག་ཡིད་དུ་འོང་བའི་མཚོ་སྔོན་གཙང་གསུམ་ཆུ་འགོ་ནས་འཛམ་གླིང་དུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་ཕྱི་འབྲེལ་པུའི་ཞིང་ཆེན་ལྗོངས་གྲོང་ཁྱེར་གྱི་གོ་ལ་ཧྲིལ་པོའི་འོས་སྦྱོར་བྱེད་སྒོ་ཉིན་ཤས་གོང་ཕྱི་འབྲེལ་པུའི་ཚོམ་ཆེན་སྔོན་པོར་སྤེལ་བ་རེད།
ཨེ་ཤེ་ཡའི་གཙང་ཆུ་ཆེ་གྲས་ཀྱི་ཆུ་འགོ་དང་གཅིག་སྡུད་ཁུལ་མཚོ་སྔོན་གྱིས་ལྗང་མདོག་སྣོད་བཅུད་ལ་བརྟེན་ནས་འཛམ་གླིང་ལ་ཕྱོགས་བཞིན་ཡོད།
“གཙང་གསུམ་ཆུ་འགོ་དང་། ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སོགས་ཀྱི་མཚན་སྙན་ལྡན་པའི་མཚོ་སྔོན་འཛམ་གླིང་གི་སྣེ་གསུམ་པར་ཆགས་ཡོད། དེ་ནི་སའི་གོ་ལའི་ཕྱེད་བྱང་མའི་ཚོར་སྐྱེན་ཁུལ་དང་འགོ་འཛུགས་ཁུལ་ཡིན་ལ། གོ་ལ་ཧྲིལ་པོའི་སྣོད་བཅུད་མ་ལག་གི་སྙོམས་སྒྲིག་ཡོ་ཆས་དང་བརྟན་གཏོང་ཡོ་ཆས་ཀྱང་ཡིན།
     མཚོ་སྔོན་ནི་འཛམ་གླིང་ཐོག་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་། དངོས་རིགས་སྣ་མང་རང་བཞིན། གཞི་རྒྱུ་སྣ་མང་རང་བཞིན། རྒྱུད་འདེད་སྣ་མང་རང་བཞིན་བཅས་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཡིན་ལ། མཐོ་གྲང་སྐྱེ་དངོས་ཀྱི་རང་བྱུང་དངོས་རིགས་ཐོན་ཁུངས་མཛོད་ཀྱང་ཡིན།
     མཚོ་སྔོན་གྱི་སྣོད་བཅུད་ཐོན་ཁུངས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་18.39ཟིན་པ་དང་། ལོ་ལྟར་སྣོད་བཅུད་ལ་ཞབས་འདེགས་ཞུ་བའི་རིན་ཐང་སྒོར་དུང་ཕྱུར་7300ཟིན་ཡོད།
     སྤྱི་ལེ་ངོས་གྲུ་ཁྲི་72ཀྱི་ས་གཞིའི་ཐོག་མཚོ་མོ་5000ལྷག་ཙམ་ནམ་མཁའི་སྐར་ཚོགས་ལྟར་ཁ་ཐོར་དུ་གནས་པ་དང་གཙང་ཆུ་4200ལྷག་ཙམ་འཕྲེད་གཞུང་སྣོལ་མར་གནས་ཏེ་ལོ་ལྟར་བཞུར་ཆུ་སྨད་རྒྱུད་ལ་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་600ཙམ་རྒྱུག་གི་ཡོད།
    རྒྱལ་ཁབ་སྤྱི་གླིང་འཚོལ་ཞིབ་བྱེད་བཞིན་དུ་འཛུགས་སྐྲུན་བྱེད་པ།
    “མཛེས་སྡུག་ལྡན་པའི་ཆུ་འགོ་ནི་ང་ཚོས་འཛམ་གླིང་ལ་ཕུལ་བའི་ཕྱག་རྟགས་ཤིག་ཡིན”ཞེས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོ་ཁུལ་དོ་དམ་ཨུ་ལྷན་གྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀན་ཞུའེ་པིན་གྱིས་བཤད། ད་ཆ་རྨ་ཆུའི་ཆུ་འགོ་ཁུལ་དུ་འདམ་རའི་རྒྱ་ཁྱོན་ཆེ་རུ་སོང་བ་དང་། མཚོ་མོའི་གྲངས་འབོར་མང་དུ་སོང་བ། མཚོ་མོ་མང་པོ་གང་སར་མཐོང་བའི་རྣམ་པ་སླར་ཡང་མངོན་པ་བཅས་བྱུང་ནས། ཡར་ངོའི་ཟླ་ལྟར་འཕེལ་བ་དང་ངོ་མཚར་མཛེས་སྡུག་ལྡན་པའི་སྣོད་བཅུད་ཀྱི་རྣམ་པ་ཞིག་མངོན་ཡོད།
     གཙང་གསུམ་ཆུ་འགོ་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་ཚོད་ལྟ་ཁུལ་དང་པོ་དེ་ཡིན། 2017ལོར་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་ཁོངས་སུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོ་ཁུལ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཡོད།
    ཚན་རིག་དང་མཐུན་པའི་ངང་སྣོད་བཅུད་སྤྱི་ཕན་ལས་གནས་བཀོད་སྒྲིག་ལུགས་མཐུན་དང་། རང་བྱུང་ཐོན་ཁུངས་དོ་དམ་དང་རྒྱལ་ཁབ་ས་ཆའི་བར་མཐོངས་དོ་དམ་ལམ་ལུགས་ཀྱི“གཅིག་གྱུར་ལག་བསྟར་གཉིས”ལ་སྤྱི་འདོམས། “དུད་ཚང་གཅིག་ལ་ལས་གནས་གཅིག”གི་སྲིད་ཇུས་དོན་འཁྱོལ། གཙང་གསུམ་ཆུ་འགོར“ཕྱོགས་དྲུག་གཞི་གཅིག”གི་སྣོད་བཅུད་དོ་དམ་སྲུང་སྐྱོང་རྣམ་པ་གཏོད་པ་བཅས་བྱས་ནས“ཚེགས་རེ་མཐུད་ནས་ཐིག་ཏུ་གྱུར་པ་དང་དྲ་བ་འབྲེལ་ནས་ངོས་སུ་གྱུར་པའི”ཚན་རིག་དང་མཐུན་པའི་དོ་དམ་མ་ལག་ཅིག་ཆགས་ཡོད།
     མིག་སྔའི་བར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྣོད་བཅུད་སྤྱི་ཕན་ལས་གནས་ཁྲི་1ལྷག་ཙམ་བཀོད་སྒྲིག་བྱས་པས་དུད་ཚང་རེར་ཆ་སྙོམས་ལོར་ཡོང་འབབ་21600བར་མང་དུ་སོང་ཡོད། ཁོང་ཚོའི་ཁྲོད་ནས་ཕྱེད་ཀ་ཡན་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རེད། འབྲོག་པ་ཚོ་རྩྭ་ཐང་བེད་སྤྱོད་གཏོང་མཁན་ནས་སྣོད་བཅུད་སྲུང་སྐྱོང་བྱེད་མཁན་དང་ཁེ་བཟང་ལོངས་སྤྱོད་བྱེད་མཁན་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད།
     ཐབས་མང་མཉམ་དུ་སྤྱད་དེ་སྣོད་བཅུད་སྲུང་སྐྱོང་བྱས་པ།
     མཚོ་སྔོན་གྱི་ཆུ་འགོ་དག་ལས་ད་ལྟའི་མཚོ་སྔོན་གྲུབ་ཡོད་ལ། མཚོ་སྔོན་གྱིས་ཀྲུང་གོར་འགྱུར་ལྡོག་གཏོང་བཞིན་པ་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།
      མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས“སའི་གོ་ལའི་སྣེ་གསུམ་པའི”རང་བྱུང་སྣོད་བཅུད་ལ་དོ་ཁུར་དང་སྲུང་སྐྱོང་བྱེད་པ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་སོགས་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། མཚོ་སྔོན་གྱི་ས་མཐོའི་སྣོད་བཅུད་སྲུང་སྐྱོང་འགྲན་སློང་ལ་ཁ་གཏད་གཅོག་པ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ཐུན་མོང་ཐོག་སྤེལ་བ། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། སྐྱས་སྤོས་རྩྭ་གསོ། མཚོ་དང་འདམ་ར་སྲུང་སྐྱོང་སོགས་ཀྱི་སྣོད་བཅུད་ལས་གྲྭ་ལག་བསྟར་བྱེད་པ་བཅས་ནས་རླུང་ཁམས་ཆེ་མོ་དང་། ཆུ། ས་ཞིང་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ཡོད།
      མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཙང་གསུམ་ཆུ་འགོའི་དབུས་སུ་གནས་པའི་རྨ་ཁོག་གཙང་པོའི་ནགས་ཁུལ་དེ་1965ལོར་བསྐྲུན་པ་ཞིག་རེད། དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ཟིན་པ་དང་ནགས་ཁུལ་གྱི་རྒྱ་ཁྱོན་བསྡོམས་འབོར་མུའུ་ཁྲི་152.7ཟིན་ཡོད།
     1998ལོར་ནགས་ཁུལ་དུ་ཤིང་གཅོད་མཚམས་བཞག་སྟེ་ཞིང་ཆེན་ཡོངས་ནས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་གི་ཚོད་ལྟའི་ལས་གྲྭ་འཛུགས་སྐྲུན་ཐོག་མར་སྤེལ་འགོ་ཚུགས་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྨ་ཁོག་གཙང་པོའི་ནགས་ཁུལ་གྱི་ནགས་ཚལ་སྟུག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་410ནས་ཁྲི་483བར་མཐོ་རུ་ཕྱིན་པ་དང་། ནགས་ཁུལ་གྱི་ནགས་ཚལ་ཁྱབ་ཚད་ནགས་ཚལ་བཟོ་ལས་ཐོན་སྐྱེད་བྱེད་སྐབས་ཀྱི་52.6%ནས་69.58%བར་མང་དུ་ཕྱིན་ཡོད།
     ད་ཆ་མཚོ་སྔོན་ཞིང་ཆེན་ནས་རྒྱུག་པའི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་སྤུས་རིམ་པ་གཉིས་ནང་ཚུན་དུ་རྒྱུན་འཁྱོངས་བྱས་པ་དང་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཀྱང་95%ལྷག་ཙམ་ཟིན་ཡོད།