ཅོ་ནེའི་ན་གཞོན་གླུ་མ་དབྱངས་ཅན་ལྷ་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དབྱངས་ཅན་ལྷ་མོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཆོས་དཔལ་ལུང་པའི་རོང་མ་འབྲོག་གི་གྲོང་སྡེ་ཆུང་ཆུང་ཞིག་ནས་སྐྱེས་ཤིང་དེ་ནས་ཐོན་ལ། ལོ་མང་པོའི་རིང་སློབ་སྦྱོང་དང་ཡུལ་གྱར་གྱི་ཁྲོད་ནས་རང་ཉིད་ཀྱི་ཕུགས་བསམ་ལ་སྙེག་པའི་ཁོ་མོས་ནམ་ཡང་བརྗེད་ཐབས་མེད་པ་ནི་ཕ་ཡུལ་གྱི་སྔོ་ཞིང་དྭངས་པའི་ནམ་མཁའ་དང་། གདོད་མའི་ནགས་ཚལ་སྟུག་པོ། དྭངས་གསལ་གྱི་ཆུ་བོ། དེ་མིན་ཡུལ་དེར་འཚོ་ཞིང་གནས་པའི་སྤུན་ན་ཟླ་དང་ཤ་ཉེ་རིང་།              བྱམས་བརྩེས་འཚོ་བའི་ཡུལ་མི་དེ་དག་ཡིན་པ་རེད། 2007ལོ་དེ་སློབ་ཆུང་ལོ་རིམ་གསུམ་པ་འགྲིམ་བཞིན་པའི་དབྱངས་ཅན་ལྷོ་མོར་མཚོན་ན་ནམ་ཡང་བརྗེད་ཐམས་མེད་པའི་དབྱར་ཁ་ཞིན་ཡིན་ཏེ། རྐྱེན་ངན་ཞིག་གིས་ཁོ་མོའི་ཨ་མ་འཇིག་རྟེན་འདི་དང་གཏན་དུ་བྲལ་བ་རེད། དེ་ཕྱིར་ཁྱིམ་གྱི་ལས་ཀ་ཚང་མ་ཨ་ཕ་གཅིག་པུའི་ཕྲག་ཐོག་ཏུ་བབས་ཡོད་ལ། ཨ་ཁུ་ཆུང་བ་དང་ཕུ་བོ་གཉིས་སྐབས་དེར་ད་རུང་སློབ་གྲྭར་འགྲོ་བཞིན་ཡོད་པ་རེད། ནུ་བོ་ཡང་ཧ་ཅང་ཆུང་ཞིང་། ཁྱིམ་གྱི་དཔལ་འབྱོར་འགྲོ་སོང་ཆེ་བ་མ་ཟད། གཏན་འཇགས་ཀྱི་དཔལ་འབྱོར་ཡོང་འབབ་གང་ཡང་མེད་པས་ཁོ་མོ་སློབ་གྲྭ་ནས་བུད་དེ་ཨ་ཕར་ཁྱིམ་གྱི་དོན་དག་ཆེ་ཆུང་ཚ་མ་སྒྲུབ་རོགས་མི་བྱེད་ཀ་མེད་བྱུང་། སྐབས་དེར་ལོ་ན་ཆུང་བའི་དབྱངས་ཅན་ལྷ་མོས་ཁྱིམ་གྱི་ནོར་ལུག་འཚོ་སྐྱོང་གི་འགན་གཙོ་བོ་ཁུར་བ་རེད། དེ་ནས་བཟུང་ཁོ་མོས་འབྲོག་པའི་དཀའ་སྡུག་གི་འཚོ་རོལ་བའི་འགོ་བརྩམས་ཤིང་། ནོར་ལུག་དང་སྦྲ་ནག་ལ་བརྩེ་དུང་ཟབ་མོ་ཆགས། ནོར་ལུག་འཚོ་སྐྱོང་གི་ཁེར་རྐྱང་ཁྲོད་རྫི་གླུ་ནི་དབྱངས་ཅན་ལྷ་མོའི་འགྲོ་རོགས་འདུག་རོགས་སུ་གྱུར་མ་ཟད། ལྷག་པར་དུ་རང་ཉིད་ཀྱི་དགའ་ཕྱོགས་ཤིག་ཏུ་གྱུར་བ་རེད། མོས་དུས་རྒྱུན་རྫི་རོགས་ཚོ་དང་མཉམ་དུ་རྫི་བླངས་ཤིང་། བཟའ་མི་ཚོ་དང་ཁྱིམ་མཚེས་གཡས་གཡོན་མཉམ་དུ་ཚོགས་དུས་ཡང་གླུ་ལེན་གར་རྩེད་ཀྱི་འཁྲབ་སྟོན་བྱས་པས་ཁོ་ཚོའི་དགའ་བསུ་ཆེན་པོ་ཐོབ་ལ།  འདིར་ལྟར་རིམ་བཞིན་འབྲོག་ས་དེར་སྙན་གྲགས་ཅུང་ཡོད་པའི་གླུ་མ་ཆུང་ཆུང་ཞིག་ཏུ་གྱུར་བ་རེད།   རྫི་རོགས་དང་ཁྱིམ་མཚེས་གཡས་གཡོན་གྱི་གདེང་འཇོག་མཐོན་པོ་བྱས་ཁོ་མོར་མཚོན་ན་སྐུལ་ལྕགས་ཆེན་པོ་ཞིག་ཡིན་ལ། དགའ་ཕྱོགས་དེ་རིམ་བཞིན་རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་ཞིག་ཏུ་གྱུར་ཞིང་། རིམ་བཞིན་རང་ཉིད་དུ་ནོར་ལུག་འཚོ་སའི་རི་ལུང་ཆུང་ཆུང་འདི་ནས་བུད་དེ་ཕྱི་ཕྱོགས་སུ་སྐྱོད་དེ་རང་ཉིད་ཕུགས་བསམ་ལ་སྙེག་པའི་འདུན་པ་དྲག་པོ་སྐྱེས་པ་རེད། འོན་ཀྱང་ཕྱོགས་སུ་སྐྱོད་ནས་རང་ཉིད་ཀྱི་ཕུགས་བསམ་སྙེག་ཏུ་འགྲོ་དགོས་ན་རིག་གནས་ཡོན་ཏན་ཡོད་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་ཏེ། དབྱངས་ཅན་ལྷ་མོས་རང་གི་ལོ་གཉིས་ལྷག་ལ་སྒམ་ནས་བསྐྱུ ར་བའི་དཔེ་ཆ་དེ་བསླར་ཡང་ལག་ཏུ་འཛིན་བཟུང་ཏེ་རང་སྦྱོང་གི་འགོ་བརྩམས་པ་རེད། དབྱར་གནང་དང་དགུན་གནང་གི་སྐབས་སུ་ཨ་ཁུ་ཆུང་བ་དང་ཕོ་བོ་སློབ་གྲྭ་ནས་ཕྱིར་ཡོང་བའི་གོ་སྐབས་དང་བསྟུན་ནས་ཁོ་ཚོར་ཟུར་ཁྲིད་བྱེད་དུ་བཅུག་ལ། རང་ཉིད་ཀྱི་བལྟ་འདོད་པའི་དཔེ་ཆ་གཡར་ནས་བལྟས་རེད། སྟབས་ལེགས་པ་ཞིག་ལ་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད་མཚོ་སྔོན་གྱི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་སློབ་གྲྭ་ཞིག་ནས་སློབ་གཉེར་བྱེད་པའི་གོ་སྐབས་བྱུང་། སློབ་གྲྭ་དེ་ཀུན་ཕན་རང་བཞིན་གྱི་སློབ་གྲྭ་ཞིག་ཡིན་པས་དཔལ་འབྱོར་དང་ཁྱིམ་ཚང་གི་ཆ་རྐྱེན་གྱི་དབང་གིས་སློབ་གྲྭར་འགྲོ་མ་ཐུབ་པའམ། སློབ་གྲྭར་འགྲོ་འདོད་ཀྱི་འདུན་པ་དྲག་པོ་ཡོད་པའི་སློབ་མ་རྣམས་ལ་རིན་མེད་ཀྱིས་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོད་པ་མ་ཟད།  གྱོན་ཆས་སོགས་འཚོ་བའི་མཁོ་ཆས་ཡང་རིན་མེད་ཀྱི་སྟེར་སྲིད་པ་རེད།  སྐབས་དེར་ཁྱིམ་དུ་ཁོ་མོ་ཕྱུགས་འཚོ་བར་དགོས་མཁོ་ཆེན་པོ་ཡོད་མོད། འོན་ཀྱང་ཁོ་མོ་སློབ་གྲྭར་འགྲོ་འདོད་ཀྱི་འདུན་ཆེན་པོ་ཡོད་པའི་དབང་གིས་འདི་འདྲའི་ཐོབ་དཀའ་གོ་སྐབས་ཤོར་དུ་མ་བཅུག་པར་སློབ་གྲྭ་དེར་འགྲོ་བའི་སེམས་ཐག་བཅད་པ་རེད། འདི་ལྟར་དབྱངས་ཅན་ལྷ་མོ་སླར་ཡང་སློབ་གཉེར་གྱི་ལམ་ལ་ཞུགས་པ་རེད།  སྤྱིར་ཁོ་མོའི་ཨ་ཕར་རང་ཉིད་ཀྱི་བུ་མོ་གྲོགས་མེད་ཁེར་རྐྱང་གིས་དེ་ལྟ་བུའི་ཆ་མེད་རྒྱུས་ཀྱི་ས་མཐའ་ཞིག་ལ་སློབ་གྲྭར་མངགས་འདོད་མེད་མོད། ཁོ་མོས་ཐོབ་དཀའ་བའི་གོ་སྐབས་འདི་དམ་འཛིན་བྱེད་པའི་འདུན་པར་གཏན་ནས་ལྡོག་ཐབས་མེད་པས་ཨ་ཕས་མཐར་སློབ་གྲྭ་དེར་སྐྱེལ་བའི་སེམས་ཐག་བཅད་པ་རེད། སློབ་གྲྭར་ཐོན་རྗེས་དབྱངས་ཅན་ལྷ་མོས་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བྱེད་པའི་འགོ་བརྩམས་ཤིང་། སློབ་གྲྭའི་བྱེད་སྒོ་བྱེད་སྒོར་སོ་སོར་ཧུར་ཐག་གིས་ཞུགས། ལྷག་པར་དུ་ཁོ་མོའི་དགའ་ཕྱོགས་ཏེ་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོར་ཧུར་ཐག་གིས་ཞུགས་སྟབས་མཉམ་མྱོང་བསྡུ་ལེན་བྱས་ཤིང་འཕེལ་རྒྱས་ཆེན་པོ་བྱུང་བ་རེད། མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད་ཞེས་པ་ནང་བཞིན། དབྱངས་ཅན་ལྷ་མོས་ཕྱོགས་གང་ཐད་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སློབ་སྦྱོང་དང་རང་ཉིད་ཀྱི་རིག་རྩལ་ཐད་ཀྱི་འཇོན་ཐང་ཡང་རིམ་བཞིན་སྔོག་འདོན་བྱས་པ་མ་ཟད། སློབ་གྲྭའི་འགོ་ཁྲིད་ཚོའི་འདེང་འཇོག་ཚད་མཐོན་པོ་ཐོབ་པ་རེད། དེ་ནས་མཐར་ཕྱིན་རྗེས་དགེ་རྒན་རྣམས་ཀྱི་རེ་ཞུའི་འོག་ཁོ་མོ་སློབ་གྲྭ་ནས་ལོ་གཅིག་ལྷག་ལ་བསྡད་ལ།  དགེ་རྒན་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ནུས་ཚོད་ཀྱིས་སློབ་མ་གསར་བར་ལྟ་རྟོག་དང་མཛུབ་སྟོན་བྱས།  སློབ་མཐར་ཕྱིན་རྗེས་2014ལོར་ཁོ་མོའི་དགེ་རྒན་དྲིན་ཅན་གྱིས་ཁོ་མོ་པེ་ཅིང་སྣ་མང་མི་རིགས་སྒྱུ་རྩལ་ཚོགས་སློབ་སྦྱོང་བྱེད་དུ་འགྲོ་བར་སྐུལ་ལྕག་བྱེད་པ་མ་ཟད་རོགས་དངུལ་བཏང་བས་དེ་ནས་བཟུང་དབྱངས་ཅན་ལྷ་མོ་པེཅིང་དུ་སོང་ནས་སྣ་མང་མི་རིགས་སྒྱུ་རྩལ་ཚོགས་པ་ནས་རོལ་དབྱངས་ཀྱི་ཕུགས་འདུན་སྙེག་འགོ་བརྩམས། ཁོ་མང་སྒྱུ་རྩལ་ཚོགས་པ་དེ་ནས་འབད་བརྩོན་ལྷོད་མེད་བྱས་མཐར་ཕྱི་ཕྱོགས་སུ་འཁྲབ་སྟོན་བྱེད་དུ་འགྲོ་བའི་གོ་སྐབས་ཐོབ་ལ། སློབ་སྦྱོང་དང་འཁྲབ་སྟོན་གྱི་གོ་སྐབས་དེ་དག་ལས་ཁོ་མོར་གླུ་གར་སྒྱུ་རྩལ་ལ་དེ་བས་ཁ་ཕྱོགས་དང་ཆེད་ལས་རང་བཞིན་གྱི་ཤེས་རྟོགས་དང་ངོས་འཛིན་བྱུང་བ་རེད། མིག་སྔར་ཁོ་མོས་རོལ་དབྱངས་ཐད་རང་ཉིད་ལ་དེ་བས་ལེགས་པའི་ཚད་བརྒལ་དང་འཕེལ་རྒྱས་ཡོང་ཕྱིར་འབད་བརྩོན་བྱེད་བཞིན་ཡོད།