འབྲོག་པ་6000དང་སྤྱི་ཆིང་ཁྲི་10ཟིན་པའི་ནགས་རའི་ལོ་ངོ་60ཡི་འགྱུར་ལྡོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-25   རྩོམ་ཁུངས།   

        ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཏ་ཁྲོན་དང་ལི་ཡ་ཀོང་།མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་མངའ་ཁོངས་སུ་གནས་པའི་སྨར་ཁོག་ནགས་ར་ནི་འབྲི་ཆུའི་ཆུ་འགོའི་གདོད་མའི་ནགས་ཚལ་ཆེ་ཤོས་ཡིན་པ་དང་། རྒྱ་ཁྱོན་སྤྱི་ཆིང་ཁྲི་10ལྷག་ཙམ་ཟིན་གྱི་ཡོད། ནགས་ཚལ་བརྒྱུད་ནས་རྒྱུག་པའི་སྨར་ཁོག་ཆུ་བོའི་ངོགས་སུ“ལུང་པ་བཅོ་བརྒྱད་དང་ཆུ་ཕྲན་བཅོ་བརྒྱད”ཡོད་པ་དང་། བོད་རིགས་འབྲོག་པ་6000ལྷག་ཙམ་དེ་གར་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་གྱི་ཡོད། གསར་འགོད་པ་ཡུལ་དེ་གའི་སྣེ་ཤན་པ་དང་ལྷན་དུ་ར་འོག་ལུང་པར་སྐྱོད་སྐབས་ཆལ་ཆིལ་དུ་རྒྱུག་པའི་ར་འོག་ཆུ་མོ་ཧ་ཅང་དྭངས་པ་དང་འབྲོག་པ་ངག་རྩེ་སྐལ་ཐར་གྱི་ཁྱིམ་ཚང་གཙང་ཆུའི་གཞོགས་སུ་ཆགས་འདུག

        ངག་རྩེ་སྐལ་ཐར་སྐྱེས་པའི་དུས་རབས་གོང་མའི་ལོ་རབས་60པར་སོག་ལེ་དང་སྟ་རེ་ཕྱར་ནས་ནགས་ཚལ་དུ་ཤིང་ནགས་གཅོད་པ་དང་། “བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར་གྱིས་ཤིང་དབོར་འདྲེན་བྱེད་པ”ཁོང་གི་བྱིས་དུས་ཀྱི་དྲན་འཆར་ཉག་གཅིག་རེད། ཕྱིས་ཀྱི་ལོ་ངོ་30ལྷག་གི་རིང་ཤིང་ཆའི་ཚོང་ཡུལ་དེའི་འབྲོག་པ་ཚོའི་འཚོ་བའི་ཡོང་ཁུངས་གལ་ཆེན་དུ་གྱུར་ནས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་རིམ་གྱིས་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་ཉེན་ཁའི་གནས་སུ་གྱར།

        ལོ་རབས་90པའི་དུས་འགོར་ནགས་ཚལ་གྱི་ལས་བཟོ་ཞིག་གིས་ཉིན་གཅིག་ལ་མང་ཤོས་ཤིང་སྡོང་10ལྷག་གཅོད་ཐུབ་པ་དང་ཤིང་སྡོང་སྦོམ་ཤོས་ཀྱི་ཚངས་ཐིག་ལ་སྨི་1ཙམ་དང་ཕྲ་ཤོས་ལའང་ལི་སྨི་10ཡོད་ཅིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ཟིན་པའི་མཚོ་བོད་ས་མཐོའི་ཐག་རིང་ཡུལ་དུ་ཐང་ཤིང་སྦོམ་ཕྲ་སྣ་ཚོགས་སྐྱེ་འཚར་ཡོང་བར་ལོ་ངོ་60ལྷག་དགོས་ཀྱི་ཡོད། ལོ་ལྟར་གྱི་ཟླ་བ་6པ་ནས་8པའི་རིང་སྨར་ཁོག་ཆུ་བོའི་ལུང་གཞུང་དུ་ཉིན་ལྟར་སྤྱི་ལེ་2ཙམ་བང་བསྒྲིགས་པའི་རླངས་འཁོར་རུ་ཁག་གིས་ཤིང་ཆ་བསྒུགས་ནས་སྡོད་པ་མཐོང་རྒྱུ་ཡོད་པ་རེད།

        1998ལོར་འགྱུར་བ་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་གྱིས་རང་བྱུང་ནགས་ཚལ་གཅོད་མཚམས་འཇོག་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་པ་དང་སྨར་ཁོག་ཆུ་བོ་ནགས་ལས་ཅུས་ཀྱིས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་གི་ཚོད་ལྟའི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ཤིང་། ནགས་ཚལ་ཁུལ་དེ་ནགས་ཚལ་གྱི་ལས་བཟོས་ཤིང་གཅོད་པ་དང་ཤིང་ཆ་ཐོན་སྐྱེད་ཚོང་གཉེར་བྱེད་པ་ནས་ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོང་དང་སྐྱེད་སྲིང་བྱེད་པའི་བར་རྦད་དེ་བསྒྱུར་བ་རེད། ལོ་དེར། སྔོན་ཆད་ནགས་ཚལ་ལས་བཟོ་ཡིན་པའི་སྨར་ཁོག་ཆུ་བོ་ནགས་ལས་ཅུས་པན་སྔོན་ནགས་རའི་ཁྲང་ཀྲང་གཞོན་པ་ཀྲུའུ་ཧྥུའུ་ཧའེ་ཡིས“རང་བྱུང་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་ནས་བུ་རབས་ཚ་རྒྱུད་ལ་ཕན་བདེ་སྐྲུན”ཞེས་པའི་རྡོ་རིང་གི་མདུན་དུ་དྲན་རྟེན་པར་བླངས་པ་རེད།

        ངག་རྩེ་སྐལ་ཐར་དང་ཀྲུའུ་ཧྥུའུ་ཧའེ་ལ་ཤིང་ནགས་ལྐོག་གཅོད་ཀྱི་དོན་རྐྱེན་འཕྲད་མྱོང་། གལ་སྲིད་ཕར་སོང་ནས་བཀག་ཚེ་ཤིང་ནགས་གཅོད་མཁན་འབྲོག་པ་ཚོས་གྲོང་ཚོ་གཅིག་པའི་རོགས་པ་20ནས་30བར་བསྐོངས་ཏེ་ནགས་སྲུང་བ་བསྐོར་ནས་ཁ་རྩོད་རྒྱག་གི་ཡོད་ཅིང་། ཡོང་འབབ་འཚོལ་ཐབས་གསར་པ་མེད་ན་ཤིང་ནགས་གཅོད་མཚམས་འཇོག་དཀའ། ཤིང་ནགས་ལྐོག་གཅོད་དང་ལྐོག་ཏུ་རྔོན་རྒྱག་པའི་དོན་རྐྱེན་བསྟུད་མར་ཐོན་པས་ཡུལ་དེ་གའི་སྲིད་གཞུང་དང་སྨར་ཁོག་ནགས་ལས་ཅུས་ཀྱིས་ཐབས་ཤེས་དང་བསམ་བློ་གཏོང་དགོས་ཀྱི་ཡོད།

        ནགས་ཚལ་སྲུང་སྐྱོང་གི་དམར་ཐིག་ནན་པོའི་འོག་འབྲོག་པ་རྒན་གྲས་རྣམས་ཀྱིས་ཚད་ཡོད་ཀྱི་ས་ཞིང་ལ་བརྟེན་ནས་སོ་ནམ་བྱེད་པ་དང་། འབྲོག་པ་གཞོན་ནུ་ཚོས་ནགས་ཁྲོད་དཔལ་འབྱོར་ལ་བློ་ཁ་ཕྱོགས་ཏེ་སྙི་བ་དང་། སྤྲུ་ནག རླམ་རྩྭ་ཕོ་སུལ་སོགས་ཁྱད་ལྡན་ཐོན་ཟོག་རང་ཡུལ་ལུང་པ་ནས་བཏུས་ཏེ་ཕྱིར་འཚོང་གི་ཡོད། དེ་ནས་བཟུང་ཡུལ་དེའི་དུད་ཁྱིམ་1000ལྷག་གི་འབྲོག་པ་ཕལ་ཆེ་བ་རིམ་བཞིན་སྲིད་གཞུང་གིས་ཀྱང་ནགས་སྲུང་བ་དང་། རྩྭ་སྲུང་བ། སྣོད་བཅུད་བདག་སྐྱོང་བ་བཅས་ཀྱི་གྲས་སུ་བཅུག་པས་ཁོ་ཚོར་ནགས་ཚལ་སྲུང་སྐྱོང་ལས་ཡོང་འབབ་རག་པ་རེད།

        ཉེ་བའི་ལོ་ཤས་རིང་། སྨར་ཁོག་ཆུ་བོའི་ནགས་ཁུལ་གྱིས་ས་གནས་དེ་གའི་བོད་རིགས་ས་ཁུལ་གྱི་སྲོལ་རྒྱུན་རིག་གནས་དང་མི་རིགས་མང་པོའི་མཉམ་འདྲེས་ཀྱིས་བཟོ་བཀོད་དང་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་ནས་ཡོང་འབབ་གསོག་ཐབས་བྱས་ཤིང་། མང་ཚོགས་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་2014ལོའི་སྒོར་1330ལྷག་ནས་2018ལོའི་སྒོར་7800ལྷག་བར་འཕར་ཡོད། དེ་དང་དུས་མཚུངས་སྨར་ཁོག་ཆུ་བོའི་ནགས་ལས་ཅུས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ནགས་ཁུལ་གྱི་ཤིང་ནགས་ལྐོག་གཅོད་ལྐོག་འདྲེན་དང་དེ་བཞིན་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་ཏུ་རྔོན་རྒྱག་པའི་ཁྲིམས་འགལ་གྱི་གྱོད་གཞི་ཡང་ལོ་རེ་བཞིན་ཇེ་ཉུང་དུ་སོང་ནས་ཧ་ལམ་ཐོན་མེད་པ་རེད།

        ལོ་ལྟར་གྱི་ཟླ་4པའི་ཟླ་མཇུག་ནས་ཟླ་5པའི་ཟླ་དཀྱིལ་དང་ཟླ་མཇུག་བར། ཡུལ་དེ་གའི་འབྲོག་པ་རྣམས་ཀྱིས་རེས་མོས་ངང་ཤིང་འཛུགས་ཀྱི་ཡོད། འདས་ཟིན་པའི་ལོ་3རིང་འབྲོག་པའི་ངལ་ནུས་ཡོང་འབབ་སྒོར་ཁྲི་1000ལྷག་ཟིན་པ་དང་། གསར་དུ་བཙུགས་པའི་སྡོང་ཕྲུག་གི་འཁྲིས་སུ་ལྗོན་ཤིང་ཆེན་པོའང་སྐྱེས་ཡོད། 1998ལོ་དང་བསྡུར་ན། ནགས་ཁུལ་གྱི་ནགས་ཚལ་ཁྱབ་ཁྱོན་51%ནས་69.58%བར་འཕར་བ་མ་ཟད། ནགས་ཚལ་གྱི་གསོག་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་420ནས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་483བར་འཕར་བ་རེད།

        ལོ་ངོ་60ཡི་རིང་། སྤྱི་ཆིང་ཁྲི་10ཟིན་པའི་ནགས་རར་འབྲོག་པ་6000ལྷག་ཙམ་ནགས་གསེབ་དང་ཆུ་རྒྱུན་ཤང་ཤང་དུ་རྒྱུ་བའི་ཁྲོད་ཤིང་ནགས་གཅོད་པ་ནས། གཞན་བརྟེན་སྲུང་སྐྱོང་ནས་རང་བརྟེན་སྲུང་སྐྱོང་ལ་་འགྱུར་ལྡོག་བྱུང་བ་རེད།

        ཟླ་རེར་ཉུང་མཐར་ཡང་ཉིན་25ལ་སྐོར་སྲུང་དང་ལོ་རེར་ཉུང་མཐར་ཡང་སྐོར་སྲུང་སྤྱི་ལེ་4000ལྷག་ཙམ་བྱེད་པའི་འབྲོག་པ་ལྟ་སྲུང་བས་ས་སྲོད་ཀྱི་མཚམས་སུ་སྦག་སྦག་བཞོན་ནས་རི་ལུང་18བསྐོར་རྗེས་རང་ཁྱིམ་དུ་ལོག་པ་དང་། དུད་ཁྱིམ་ཚང་མའི་ཐོག་ཁ་ནས་དུ་བ་དལ་བུར་ཐོན་སྐབས་ཞི་འཇགས་བག་ཕེབས་ཀྱི་འཚོ་བ་བའི་སྣང་བ་ཞིག་སྦྱིན་བྱུང་།