མཚོ་སྔོན་ནས་དུས་རབས་13པའི་སྔ་རྗེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ཤིག་གསར་རྙེད་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-18   རྩོམ་ཁུངས།    མི་དམངས་དྲ་བ།

    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གཞུང་ཕྱོགས་ཀྱིས་ཚེས་8ཉིན་ངོ་སྤྲོད་བྱེད་པར་གཞིགས་ན། ས་གནས་དེ་ག་ནས་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ཤིག་གསར་རྙེད་བྱུང་ལ། གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་ཞིབ་འཇུག་ཁང་གི་འགོ་འཛིན་ལུའོ་ཝུན་ཧྭ་ཡིས་རྟོག་ཞིབ་དང་གསལ་འབྱེད་བྱས་པ་བརྒྱུད་ལྡེབས་རིས་དེའི་ལོ་རབས་ནི་སྤྱི་ལོའི་དུས་རབས་13པའི་སྔ་རྗེས་སུ་ཡིན་པ་དང་། དེ་ནི་མིག་སྔའི་བར་མཚོ་སྔོན་ནས་གསར་རྙེད་བྱུང་བའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་སྔ་ཤོས་དེ་རེད།
     ནང་ཆེན་རྫོང་ནི་མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གནས་པ་དང་། ཤར་ལྷོ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་བ་དང་། ལྷོ་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་དང་འབྲེལ་བས། མཚོ་སྔོན་ཞིང་ཆེན་གྱི་ལྷོ་སྒོ་ཆེན་པོ་ཞེས་འབོད་སྲོལ་ཡོད། ནང་ཆེན་རྫོང་ལ་ད་ཆ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་103ཡོད་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་རྫོང་ཆེན་ཞིག་རེད།
     བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་རྡོ་ཁྲོན་གྲོང་ཚོའི་སྤོམ་མདའ་ཧྲེར་གནས་ཡོད། དེ་ནི་ལས་ཡུལ་ཞིག་ཏུ་ཨར་ལས་བྱེད་སྐབས་དགོན་སྡེའི་སྐྲུན་དངོས་ཀྱི་རྗེས་ཤུལ་མངོན་གསལ་དོད་པོ་ཞིག་ཤེས་རྟོགས་བྱུང་བས། གཙང་སེལ་བྱས་པ་བརྒྱུད་རྡོ་རྩིག་གི་གྱང་ཞིག་གི་ཆེས་ནུབ་ངོས་ཀྱི་རྩིག་ལྡེབས་སུ་ཅུང་ཆ་ཚང་བའི་ལྡེབས་རིས་3གསར་རྙེད་བྱུང་བ་རེད།
     ལུའོ་ཝུན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གནས་དེའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ལ་གནའ་བོའི་བྱང་ཤར་རྒྱ་གར་གྱི་པོ་ལོ་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པ་དང་། རྨ་ནུབ་བར་ཁྱམས་ས་ཁུལ་གྱི་སྒྱུ་རྩལ་ཉམས་འགྱུར་དང་འདྲ་པོ་ཡོད། ལོ་རབས་ནི་སྤྱི་ལོའི་དུས་རབས་13པའི་སྔ་རྗེས་སུ་ཡིན་པ་དང་དུས་མཚུངས་ལྷ་སྐུའི་འོག་ཏུ་བོད་ཡིག་བཀོད་པར་ལྟར་ན། དུས་རབས་13པའི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་ཁྱད་ཆོས་དང་མཐུན་ཡོད།
     ལུའོ་ཝུན་ཧྭ་ཡིས“དེའི་ལྡེབས་རིས་སྒྱུ་རྩལ་གྱི་ཉམས་འགྱུར་དེ་རྨ་ནུབ་བར་ཁྱམས་ཁུལ་ལ་མངོན་གསལ་དོད་པོས་ཕྱོགས་པ་དང་། དེའི་ཐོག་ཏུ་ས་གནས་དེ་གར་མི་ཉག་གི་ཏི་ཤྲི་ནང་ཆེན་ནས་ཕེབས་པའི་བཤད་སྲོལ་ཡོད་པ་སྣོན་ན། ད་ཐེངས་གསར་རྙེད་བྱུང་པ་དེས་བཤད་ཚུལ་དེར་ལོ་རྒྱུས་ཀྱི་ཁུངས་ངེས་ཅན་ཞིག་ཡོད་པ་བསྟན”ཞེས་བཤད་པ་དང་། ད་ཐེངས་གསར་རྙེད་བྱུང་པའི་ལྡེབས་རིས་ནི་མཚོ་སྔོན་ས་ཁུལ་དུ་མིག་སྔ་བར་གསར་རྙེད་བྱུང་བའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་སྔ་ཤོས་དེ་ཡིན་པ་དང་། རྒྱ་གར་གྱི་པོ་ལོའི་སྒྱུ་རྩལ་གྱིས་ཀྲུང་གོར་ཐེབས་པའི་ཤུགས་རྐྱེན་དང་དེ་བཞིན་བསྟན་པ་ཕྱི་དར་གྱི་དུས་འགོའི་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ཁྲོད་ཀྱི་ལོ་རྒྱུས་གནས་བབ་ཞིབ་འཇུག་ལ་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད་ཅེས་བཤད།
གོམ་སྟབས་རྗེས་མར་འབྲེལ་ཡོད་རིག་དངོས་རིགས་གཅིག་མཁས་ཅན་གྱིས་ལྡེབས་རིས་དེ་དག་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུ་དང་འབྲེལ་གནའ་རྫས་རྟོག་ཞིབ་དང་སྲུང་སྐྱོང་རང་བཞིན་གྱི་ལས་དོན་གང་མགྱོགས་སྤེལ་རྒྱུ་ཡིན་པ་རེད།