འབྲུའི་རིགས་ཀྱི་ཕན་ནུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-13   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་།།དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས།།དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས།།ཞེས་ཟས་དང་སྐོམ་ལེགས་པར་བསྟེན་ན་ལུས་དང་སྲོག་འཚོ་བར་བྱེད་ལ་བསྟེན་ཚུལ་འོས་འཚམ་མ་བྱུང་ན་ནད་བསྐྱེད་པར་བྱེད་པ་དང་།ཚབས་ཆེ་ན་སྲོག་འཇོམས་པའང་ཡོད།དེ་བས་ཟས་སྐོམ་གྱི་ངོ་བོ་རྟོགས་པར་བྱས་ཏེ་ཟས་སྐོམ་བསྟེན་པའི་ཚད་དང་སྤང་བླང་སོགས་ཤེས་རྒྱུ་ནི་ནད་མེད་རྒྱུན་སྲིང་དང་ནད་ཅན་བཅོས་པའི་ཐབས་གཙོ་བོ་ཞིག་ཡིན།བོད་ལུགས་གསོ་རིག་ལྟར་ན་ཟས་ལ་འབྲུ་དང་ཤ་རིགས།སྣུམ།སྔོ་ངད།གཡོས་སྦྱོར་བྱས་པ་བཅས་རིགས་ལྔ་ཡོད། དེ་ལས་འབྲུའི་རིགས་ནི་ནས་དང་གྲོ། ཁྲེ། སྲན་མ།  འབྲས། ཁྲ་མ། སོ་བ་སོགས་ཡིན།

        འབྲས་(大米)ཀྱིས་ཉེས་པ་གསུམ་ཀར་ཕན་ཞིང་རོ་ཙ་བ།འཁྲུ་སྐྱུགས་གཅོད་པ་མ་ཟད་ཕོ་མཆེར་གྱི་ནུས་པ་གསོ་བ་ལུས་སྟོབས་རྒྱས་པར་བྱེད།

        ཁྲེ་(粟米)ཡིས་ལུས་སྟོབས་གསོ་ཞིང་རུས་པ་ཆག་གྲུམ་སྦྱོར་བ།འཁྲུ་སྐྱུགས་གཅོད།མཁལ་རྐེད་མི་བདེ་བ་སེལ།མེས་འཚིག་རྨར་ཕན།

        ཁྲ་མས་(高粱米)ཟས་འཇུ་བའི་ནུས་པ་ཞན་པ་དང་ཕོ་བ་ན་ཞིང་ཆུ་སྐྱུར་ལངས་པ།ཁ་ལྕེར་འབྲུམ་ཐོར་འདོན་པ་སོགས་ལ་ཕན།

        གྲོ་(小麦)ཡིས་ལུས་འཚོ་བར་བྱེད་ཅིང་རླུང་དང་མཁྲིས་པར་ཕན། སྙིང་གི་ནུས་པ་གསོ་བ་དང་སེམས་མི་བདེ་བ། སྐོམ་དད་སེལ་བར་བྱེད།

        ནས་(青稞)ནི་ལུས་སྟོབས་བསྐྱེད་པའི་མཆོག་ཡིན་ལ་ཁྲག་ཚིལ་འཇུ་ཞིང་ཁྲག་གི་འཁོར་བསྐྱོད་བདེ་བར་བྱེད། གཅིན་སྙིའི་ནད་ལའང་ཕན།

        སོ་བས་(大麦)ཕོ་བ་མི་བདེ་བ་དང་དང་ག་མེད་པ། ལྟོ་བ་སྦོས་པ།དྲི་ཆུ་སྲི་བ་སོགས་སེལ་ལ་མེས་འཚིག་རྨ་དང་རྣག་ཁུག་པའི་རྨ། སྨུག་པོའི་རྨ་རུལ་སོགས་ལའང་ཕན་ནོ།།

        སྲེ་དས་(燕麦)མཆིན་མཆེར་ནད་དང་ཡུན་རིང་ནད་ཀྱིས་མནར་ནས་ཟུངས་ཞན་པ། དང་ག་མི་བདེ་བ། རྟུག་པ་འགགས་པ། བུ་བཙའ་དཀའ་བ། ཉམས་སྟོབས་ཞན་པ། ལུས་རྔུལ་བ། གློ་གཅོང་གི་ནད་སོགས་ལ་ཕན། 

        མ་རྨོས་ལོ་ཏོག་(玉米)གིས་ཕོ་བ་མི་བདེ་བ་དང་ཁྲག་ཚིལ་རྒྱས་པ། ངོ་གདོང་དང་རྐང་བོལ་གཡོ་བ། དྲི་ཆུ་སྲི་བ་སོགས་ལ་ཕན། 

        སྲན་མ་རིལ་མོས་(豌豆)བད་ཀན་ལྡན་པའི་ཚ་བ་སེལ་བ་དང་འཁྲུ་བ་གཅོད།མཁལ་ནུས་གསོ་ཞིང་འདོད་པ་འཕེལ།བུ་མི་འཁོར་བ་དང་རྣ་བ་འུར་བ། རྔུལ་གྲང་ཐོན་པ་སོགས་ལ་ཕན།

        མོན་སྲན་(白扁豆)གྱིས་འཁྲུ་བ་གཅོད་པ་དང་ཁྲག་ཚིལ་རྒྱས་པར་ཕན།

        སྲན་ཆུང་(兵豆)གིས་མེ་དབལ་སེལ་བར་བྱེད་པ་དང་གཞང་འབྲུམ་དང་ཁྲག་རྒྱས་པའི་ནད་ཀྱི་གཟེར་སྟེང་དུ་བྱུག་ན་གཟེར་གཅོག་པར་བྱེད།

        བྲ་བོས་(荞麦)ཚ་གྲུམ་ནད་དང་མགོ་རླུང་ནད།བུད་མེད་ཀྱི་གྲང་དཀར་འབྱམས་པ།གཅིན་སྙིའི་ནད་ཀྱི་ཐོག་མའི་དུས་ལ་ཕན་ནོ།།

        མདའ་རྒྱུས་(赤小豆)ཀྱིས་མོ་ནད་འཇོམས།སྐྱེ་རྒྱུན་གཅོད།སྐྲན་རིགས་ལ་ཕན།གཞན་ཤིང་འབྲས་སམ་སིལ་ཏོག་གི་རིགས་བསྟེན་ན་ཁ་སྐམ་པ་དང་བཤང་བ་འགགས་པ་དང་། ཞེ་མེར་བ་སོགས་ལ་ཕན།