རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-11   རྩོམ་ཁུངས།    གངས་རླུང་།
བྱིས་པའི་སློབ་སྦྱོང་གི་གནད་དོན་ནི། ཁྱིམ་བདག་མང་པོས་སེམས་ཁུར་བྱེད་པ་ཞིག་ཡིན། སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། དེ་ནི་བྱིས་པ་རྣམས་ཀྱིས་ཕུགས་འདུན་རེ་སྙེག་བྱེད་པའི་ལམ་ཞིག་ཡིན། དེར་བརྟེན་ཕྲུ་གུ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་མཐོ་རུ་གཏོང་ཆེད། ཁྱིམ་བདག་མང་པོ་ཞིག་གིས་ཕྲུ་གུ་ཚོར་དངུལ་མང་པོ་གཏོང་གི་ཡོད། འོན་ཀྱང་ཁྱིམ་བདག་གིས་ལས་ཀ་ཇི་ཙམ་མང་ན་ཡང་། ཕྲུ་གུའི་སྦྱངས་འབྲས་མཐོ་རུ་གཏོང་རྒྱུའི་འགག་རྩ་དེ་ད་དུང་ཕྲུ་གུ་རང་ཉིད་ལ་ཐུག་ཡོད།
དོན་དངོས་སུ་བྱིས་པའི་སྦྱངས་འབྲས་བཟང་ངན་དང་སློབ་སྦྱོང་གི་གོམས་གཤིས་འབྲེལ་བ་ཟབ་མོ་ཡོད། དེའི་ཕྱིར། ཁྱིམ་བདག་གིས་གཤམ་གྱི་གོམས་སྲོལ་དྲུག་པོ་དེས་བྱིས་པའི་སློབ་སྦྱོང་གི་སྦྱངས་འབྲས་ཇེ་དམའ་རུ་གཏོང་བཞིན་ཡོད་པ་ཤེས་དགོས།
དང་པོ། ལས་ཀ་ལས་དུས་འཆར་གཞི་མེད། སློབ་སྦྱོང་གི་དམིགས་ཡུལ་མེད།
སློབ་སྦྱོང་གི་ཐད་ནས་བཤད་ན་བྱིས་པ་མང་པོ་ཞིག་གིས་འཆར་གཞི་མེད་པའི་སློབ་སྦྱོང་བྱེད་ངེས་ཡིན། ཉིན་གང་བོར་མུན་འཐོམས་ཀྱིས་སློབ་སྦྱོང་བྱེད་པ་ལས་རང་ཉིད་ཀྱིས་ཇི་ལྟར་སློབ་སྦྱོང་བྱེད་དགོས་པ་མི་ཤེས་པ་དང་། ནམ་ཡིན་ཡང་ཁྱིམ་བདག་དང་དགེ་རྒན་གྱིས་རྒྱབ་ཏུ་འདེད་དགོས། འཆར་གཞི་མེད་པའི་སློབ་སྦྱོང་ནི་རྒྱུན་དུ་རྨོངས་ཚོད་ཀྱིས་འབད་བརྩོན་བྱེད་པ་ཙམ་ཡིན།
བརྟག་དཔྱད་ཞིབ་འཇུག་ལས་མངོན་པར་གཞིགས་ན། གྲུབ་འབྲས་ཐོབ་པའི་སློབ་མ་མང་ཆེ་ཤོས་ཀྱི་ཐུན་མོང་གི་འདྲ་ས་ཞིག་ཡོད་པ་ནི། འཆར་གཞི་ཡོད་པའི་སྒོ་ནས་སློབ་སྦྱོང་བྱས་པ་དེ་རེད། འཆར་གཞི་བཟོས་པ་དེས་ཕྲུ་གུའི་སློབ་སྦྱོང་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ནས། སློབ་སྦྱོང་ལ་དེ་བས་ཁ་ཕྱོགས་ཡོད་པ་དང་དམིགས་ཚད་ཀྱང་དེ་བས་ཁ་གསལ་དུ་གཏོང་ཐུབ། བྱིས་པ་ཚང་མར་སློབ་སྦྱོང་གི་འཆར་གཞི་ཡོད་དགོས་པ་དང་། ལྷག་པར་དུ་སློབ་སྦྱོང་གི་སྦྱངས་འབྲས་མི་བཟང་བའི་བྱིས་པ་དེ་དག འཆར་གཞི་ལྟར་སློབ་སྦྱོང་ཡག་པོ་བྱེད་ན། ཕྲུ་གུའི་དུས་ཚོད་ལུགས་མཐུན་ངང་འཆར་འགོད་ཐུབ་པ་མ་ཟད། ད་དུང་ཕྲུ་གུའི་སློབ་སྦྱོང་གི་ཕན་འབྲས་མཐོ་རུ་འགྲོ་ཐུབ། དེར་བརྟེན་ཁྱིམ་བདག་གིས་ངེས་པར་དུ་ཕྲུ་གུར་སློབ་སྦྱོང་གི་འཆར་གཞི་བཟོ་རོགས་བྱས་ཏེ། སློབ་མ་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས་དམིགས་ཚད་བཀོད་སྒྲིག་བྱེད་དགོས། དེ་ལྟར་བྱས་ན་ཕྲུ་གུར་གཞི་ནས་སློབ་སྦྱོང་གི་དམིགས་ཚད་གསལ་པོ་ཡོད་པ་དང་། སློབ་སྦྱོང་གི་ལས་དོན་ཁག་བཀོད་སྒྲིག་འོས་འཚམ་བྱེད་ཤེས་པ། འཆར་གཞི་བཟོ་བའི་གོམས་གཤིས་བཟང་པོ་འཇགས་ཐུབ།
གཉིས་པ། སློབ་ཁྲིད་ཡག་པོ་མི་ཉན། རྒྱུན་དུ་བློ་རྩེ་གཅིག་སྒྲིམ་མི་བྱེད།
བྱིས་པས་སློབ་ཁང་དུ་སློབ་ཁྲིད་ཡག་པོ་ཉན་ཡོད་མེད་ཀྱིས་བྱིས་པའི་སློབ་སྦྱོང་གི་སྦྱངས་འབྲས་ཐག་གཅོད་ཀྱི་ཡོད། བྱིས་པ་ལ་ལ་ཕར་ལྟ་ཚུར་ལྟ་བྱེད་པ་ཡང་ན་ཁ་གཡེང་མིག་གཡེང་བྱེད་པ་སོགས་གོམས་གཤིས་ངན་པ་འཇགས་འདུག དེ་ལྟར་སློབ་ཁྲིད་ཡག་པོ་མ་ཉན་ན། ཡུན་རིང་སོང་རྗེས་སློབ་སྦྱོང་གི་སྦྱངས་འབྲས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན། དེའི་སྟབས་ཀྱིས་ངེས་པར་དུ་གོམས་གཤིས་ངན་པ་ཡོ་བསྲང་བྱེད་དགོས།
ཁྱིམ་བདག་གིས་ཕྲུ་གུས་བློ་རྩེ་གཅིག་སྒྲིམ་བྱེད་པའི་གོམས་གཤིས་བཟང་པོ་འཇགས་རྒྱུར་སློབ་གསོ་དང་རོགས་རམ་བྱས་ཏེ། དུས་ཚོད་གཅིག་གི་ནང་བྱ་བ་གཅིག་མ་གཏོགས་བསྒྲུབ་མི་རུང་། ད་དུང་ཕྲུ་གུའི་རང་གཅུན་ནུས་པ་སྐྱེད་སྲིང་བྱས་ནས། ཕྲུ་གུས་སློབ་སྦྱོང་བྱེད་སྐབས། སློབ་སྦྱོང་བྱེད་འདོད་ན་བྱེད་པ་དང་། བྱེད་མ་འདོད་ན་མི་བྱེད་པའི་གོམས་གཤིས་ངན་པ་བཅོས་དགོས། ཕྲུ་གུས་སློབ་སྦྱོང་བྱེད་སྐབས་མཐའ་འཁོར་དུ་སློབ་སྦྱོང་དང་འབྲེལ་བ་མེད་པའི་དངོས་པོ་འཇོག་མི་རུང་།
མཇུག་མཐར། ཁྱིམ་བདག་གིས་དགེ་རྒན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། དགེ་རྒན་གྱི་བྱེད་ཐབས་ལྟར་བྱིས་པའི་བློ་རིག་ཇེ་མཐོར་བཏང་སྟེ། བྱིས་པའི་སློབ་སྦྱོང་གི་སྦྱངས་འབྲས་ཇེ་མཐོར་གཏོང་དགོས།
གསུམ་པ། སློབ་ཚན་མ་ཁྲིད་གོང་སྔོན་སྦྱོང་མི་བྱེད་པར། ཚང་མ་སློབ་ཚན་གྱི་སྐར་མ༤༥ལ་བརྟེན་པ།
སློབ་སྦྱོང་གི་ཡང་དག་པའི་གོ་རིམ་གསུམ་སྟེ། སློབ་ཚན་སྔོན་སྦྱོང་དང་། སློབ་ཁྲིད་ཉན་པ། སློབ་ཚན་བསྐྱར་སྦྱོང་བཅས་ཀྱི་གོ་རིམ་གསུམ་ལས་གཅིག་ཀྱང་ཆད་མི་རུང་། འོན་ཀྱང་བྱིས་པ་ལ་ལ་ཞིག་སློབ་ཁྲིད་སྔོན་གྱི་སྔོན་སྦྱོང་ལ་སྣང་མེད་བྱེད་པར་དགའ་བས། སློབ་ཁྲིད་ཀྱི་སྐར་མ་༤༥ཁོ་ནར་བརྟེན་འདུག
སློབ་ཁྲིད་སྐབས་བྱིས་པས་སློབ་ཁྲིད་ཀྱི་སྔོན་དུ་སྔོན་སྦྱོང་མ་བྱས་ཚེ། སློབ་ཁྲིད་ཉན་སྐབས་དགེ་རྒན་གྱིས་བཤད་པའི་ནང་དོན་གོ་བ་གཏིང་ཟབ་ལོན་མི་ཐུབ།
ཕྲུ་གུས་སློབ་ཚན་སྔོན་སྦྱོང་བྱེད་སྐབས། གོ་བ་མི་ལོན་པའི་གནད་དོན་ཡོད་ན། སློབ་ཁྲིད་བྱེད་སྐབས་གནད་དོན་དུས་ཐོག་ཏུ་འདོན་ཐུབ་པ་དང་། སྔོན་སྦྱོང་མ་བྱེད་ན་གནད་དོན་གང་ཡང་ཤེས་མི་སྲིད། ནང་དོན་མ་ཤེས་པ་རྣམས་འཁྱེར་ནས་སློབ་ཚན་ཉན་རྒྱུ་ནི་ཕན་ནུས་ཆེ་བའི་སློབ་ཚན་ཉན་སྟངས་ཤིག་ཡིན་ཞིང་། ད་དུང་བློ་སྒོ་གསར་པ་ཡང་འབྱེད་ཐུབ།
གལ་ཏེ་ཁྱེད་ཚང་གི་བྱིས་པར་གནས་ཚུལ་འདི་འདྲ་ཡོད་ན། ཁྱིམ་བདག་གིས་ངེས་པར་དུ་བྱིས་པར་སློབ་ཁྲིད་སྔོན་གྱི་སྔོན་སྦྱོང་ཡག་པོ་སྒྲུབ་རྒྱུར་མཛུབ་སྟོན་བྱེད་དགོས།
བཞི་པ། སློབ་ཚན་གྲོལ་རྗེས་བསྐྱར་སྦྱོང་མི་བྱེད། ཕྱོགས་བསྡོམས་ཡག་པོ་མི་བྱེད་པ།
སློབ་ཁྲིད་གྲོལ་རྗེས་བསྐྱར་སྦྱོང་བྱེད་པའི་དམིགས་ཡུལ་ནི་ཤེས་བྱ་རྙིང་པ་བསྐྱར་དུ་སྦྱངས་ནས། གོ་བ་གསར་པ་ལོན་ཆེད་རེད། འོན་ཀྱང་བྱིས་པ་ལ་ལས་ཧ་གོ་སོང་བསམ་ནས། སློབ་ཁྲིད་རྗེས་བསྐྱར་སྦྱོང་མི་བྱེད། དེ་ལྟར་བྱེད་ན་སློབ་སྦྱོང་གི་ནུས་པ་ཡག་པོ་ཡོད་པའི་ཕྲུ་གུ་ཁག་གཅིག སློབ་སྦྱོང་གི་སྦྱངས་འབྲས་ཡག་པོ་ཐོབ་མི་ཐུབ། ཚན་པ་ཞིག་གིས་བརྟག་དཔྱད་བྱས་པ་ལྟར་ན། སློབ་སྦྱོང་བྱས་པའི་ཤེས་བྱ་དེ། གལ་ཏེ་སློབ་ཁྲིད་གྲོལ་རྗེས་ཆུ་ཚོད་གཅིག་ནས་ཆུ་ཚོད་བཅུ་གཉིས་བར་དུས་ཐོག་ཏུ་བསྐྱར་སྦྱོང་མ་བྱས་ན། ཕལ་ཆེར་བཞི་ཆ་གཅིག་བརྗེད་འགྲོ་བ་དང་། གཟའ་འཁོར་གཅིག་གི་ནང་བསྐྱར་སྦྱོང་མ་བྱེད་ན། ཕལ་ཆེར་གཉིས་ཆ་གཅིག་བརྗེད་འགྲོ་བ། ཟླ་བ་གཅིག་གི་ནང་བསྐྱར་སྦྱོང་མ་བྱེད་ན། བརྒྱ་ཆ་བདུན་ཅུ་ཡན་བརྗེད་འགྲོ་ངེས་རེད། དེར་བརྟེན། སློབ་ཚན་གྲོལ་རྗེས་ངེས་པར་དུ་བསྐྱར་སྦྱོང་ཡག་པོ་བྱེད་དགོས། བསྐྱར་སྦྱོང་ཡག་པོ་བྱེད་ན་ཕན་འབྲས་ཆེན་པོ་ཐོན་ནས་དུས་ཚོད་མང་པོ་གྲོན་ཆུང་བྱེད་ཐུབ། དེའི་ཕྱིར། ཁྱིམ་བདག་གིས་ངེས་པར་དུ་བྱིས་པས་གོ་བ་ལེན་པའི་རྨང་གཞིའི་སྟེང་བསྐྱར་སྦྱོང་བྱེད་དུ་འཇུག་དགོས་པ་དང་། བྱིས་པས་དུས་ཐོག་ཏུ་བསྐྱར་སྦྱོང་བྱེད་པའི་ཁྲིད་སྟོན་བྱེད་དགོས།
དེ་ལྟར་བྱས་ན་བྱིས་པར་ད་གཟོད་དུས་ཐོག་ཏུ་བསྐྱར་སྦྱོང་བྱེད་པའི་གོམས་གཤིས་བཟང་བོ་ཞིག་འཇགས་ཐུབ།
ལྔ་པ། མ་ཤེས་ཀྱང་མ་དྲིས་པ།
སློབ་ཁྲིད་མཇུག་རྫོགས་སྐབས། དགེ་རྒན་གྱིས་སློབ་གྲོགས་ཚོར་ད་དུང་དྲི་བ་ཡོད་དམ་ཅེས་འདྲི་སྲོལ་ཡོད། འོན་ཀྱང་དྲི་བ་འདོན་མཁན་ཧ་ཅང་ཉུང་ཉུང་རེད། དངོས་གནས་བྱིས་པ་ཚང་མས་ཧ་གོ་ནས། དོགས་འདྲི་མེད་པ་མ་རེད། ཕྲུ་གུ་མང་ཆེ་བ་འདྲི་མི་ཕོད་པ་དང་ཐ་ན་ལེ་ལོ་བྱས་ནས་འདྲི་མི་བསམ་རེད། འདི་ལྟར་ཡིན་ན། དྲི་བ་མང་པོ་ཐག་གཅོད་མི་ཐུབ། རྗེས་སུ་རྒྱུགས་ལེན་པའི་སྐབས་སུ་རང་ཉིད་མི་ཤེས་པའི་ནང་དོན་མང་པོ་ཡོད་ངེས་རེད།
དྲི་བ་མང་ཙམ་དྲི་བ་དང་འདྲི་རྒྱུར་དགའ་ན། ད་གཟོད་སློབ་སྦྱོང་གི་སྦྱངས་འབྲས་མཐོ་རུ་གཏོང་ཐུབ། དེར་བརྟེན་ཁྱིམ་བདག་གིས་ངེས་པར་དུ། ཕྲུ་གུར་གནད་དོན་འཕྲད་སྐབས། བློ་ཁོག་ཆེན་པོས་དགེ་རྒན་ལ་འདྲི་བར་འདོན་དུ་འཇུག་དགོས།
དྲུག་པ། དྲིས་ལན་ལ་བལྟས་ནས། རང་གིས་བསམ་གཞིགས་མི་བྱེད།
བྱིས་པ་ལ་ལས་རྩིས་གཞི་འབྲི་བའི་སྐབས་སུ། ཧ་ཅང་མི་ལེགས་པའི་གོམས་གཤིས་ཤིག་ཡོད་པ་ནི། ཁ་བྱང་འབྲི་ཞོར་དུ་དྲིས་ལན་བལྟས་པ་དེ་ཡིན། ཐ་ན་བྱིས་པ་ལ་ལས་དྲི་གཞི་འབྲི་སྐབས། དྲིས་ལན་ཟུར་དུ་བཞག་ནས་ཐེངས་གཅིག་བལྟས་རྗེས། ད་གཟོད་འབྲི་བ་རེད། འདི་ལྟར་བྱེད་པའི་མཇུག་འབྲས་ནི་ཐེངས་རྗེས་མར་ཡང་བསྐྱར་དེ་དང་འདྲ་བའི་ནང་དོན་འཕྲད་དུས། སྔར་བཞིན་མི་ཤེས་པ་འཕྲད་སྲིད།བསམ་བློ་མ་བཏང་བར་ཐད་ཀར་དྲིས་ལན་བཤུ་འབྲི་བྱས་ན་ཤེས་བྱ་སྲ་བརྟན་དུ་གཏོང་བའི་ཕན་འབྲས་ཐོན་མི་ཐུབ།
དེར་བརྟེན། བྱིས་པར་དྲི་གཞི་འབྲི་ཞོར་དུ་དྲིས་ལན་བལྟ་རུ་འཇུག་མི་རུང་། དྲི་གཞི་འབྲི་སྟངས་ཡང་དག་པ་ནི། སྔོན་ལ་དེ་རིང་སྦྱངས་ཟིན་པའི་ནང་དོན་རྣམས་སེམས་ལ་བཞག་ནས་དེ་ནས་འབྲི་དགོས། སྔོན་ལ་རང་ཚུགས་ཀྱིས་བསམ་གཞིགས་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན། མདོར་ན། གྲུབ་འབྲས་བཟང་པོ་ནི་གོམས་གཤིས་བཟང་པོ་ལས་བྱུང་བ་ཡིན།
གོང་གསལ་གོམས་གཤིས་ངན་པ་དྲུག་དེ་ཡོ་བསྲང་བྱེད་ན། ད་གཟོད་སྦྱངས་འབྲས་ཡག་པོ་ཐོབ་ཐུབ།