དགའ་ལྡན་སུམ་རྩེན་གླིང་ལ་སྟོན་གྱི་རང་མདངས་རྒྱས།

རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2019-11-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


      གལ་ཏེ་ཁྱེད་རང་ཁམས་རྒྱལ་ཐང་དུ་ཕེབས་མྱོང་མཁན་ཞིག་ཡིན་ན་ཡུལ་འདིའི་ངོ་མཚར་ཞིང་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཀྱི་བཀོད་པས་ཁྱོད་ལ་བག་ཆགས་ཟབ་མོ་ཞིག་འཇོག་པའི་ངེས་པ་ཤིན་ཏུ་ཆེ།  ལྷག་པར་དགའ་ལྡན་སུམ་རྩེན་གླིང་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ས་གནས་མང་ཚོགས་ཀྱིས་དད་མཆོད་བྱེད་ཡུལ་གྲགས་ཆེ་བ་ཞིག་ཡིན་ལ། ཡུན་ནན་བོད་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཆེས་ཆེ་ཤོས་དེ་ཡང་ཡིན་པ་ན་དགོན་པ་འདིར་ལོ་ཟླ་ཧྲིལ་བོར་མཇལ་སྐོར་དང་གནས་མཇལ་ལ་ཡོང་མཁན་ཟམ་མ་ཆད་པར་བྱུང་བཞིན་ཡོད།

     ད་ནི་ནམ་ཟླ་སྟོན་ལ་སླེབས་པས་དགའ་ལྡན་སུམ་རྩེན་གླིང་གི་ཉེ་འཁོར་ཀུན་དུ་གསེར་མདོག་གི་ཁུ་བ་བྱུག་པ་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་རང་བཞིན་གྱིས་གྲུབ་ཅིང་ཆེད་དུ་སེམས་ཅན་ཡོངས་ཀྱི་མིག་གི་དགའ་སྟོན་དུ་བཤམས་ལྟར་སྣང་ལ།   བལྟ་བའི་ཚེ་ན་མིའི་སེམས་ལ་སྨྲ་མི་ཤེས་པའི་དགའ་སྣང་ཞིག་སྦྱིན་ཡོང་།  སུམ་རྩེན་གླིང་ཉེ་འཁོར་གྱི་ལྷ་མོ་གཡང་མཚོ་བསྐོར་ནས་འཆམ་འཆམ་དུ་ཕྱིན་པ་ན།   བཞིན་རས་ཀྱི་མཛེས་ཉམས་བརྗེས་པའི་ཤིང་སྡོང་རྣམས་ཀྱིས་མགོ་བོ་ཕར་གཡུག་ཚུར་གཡུག་བྱེད་པ་དང་།   རླུང་གིས་དེད་པའི་སྡོང་ལོ་རྣམས་ས་ལ་ལྷུང་བ་དེ་ཡང་རྟོག་བཏགས་ལ་མཁས་པའི་སྙན་ངག་པ་ཞིག་ཡིན་ཕྱིར་སེམས་ལ་འཆར་སྣང་སྣ་ཚོགས་སྐྱེས་ཆོག་པར་བསམ།   སྡོང་གསེང་ན་རྟ་ནོར་ལུག་གསུམ་བག་གཡེང་གིས་འཚོ་ཞིང་ཕྱོགས་གཞན་ནས་ཕེབས་པའི་ཡུལ་སྐོར་བ་ཚོས་དེ་དག་ཡང་དང་བསྐྱར་དུ་པར་ལེན་ཞིང་བྲེལ།   ངས་ཀྱང་མཚེའུ་འགྲམ་ནས་ཉི་འོད་འཇམ་པོའི་དྲོད་སྣང་དང་དྭངས་གཙང་གི་མཁའ་རླུང་ཉམས་སུ་མྱངས་ལ།ནམ་མཁའི་སྤྲིན་དཀར་ལ་ཅེར་བཞིན་བསྟོད་པའི་གླུ་ཞིག་ངག་ནས་ཐལ་བྱུང་།