འབུམ་པའི་རྒྱ་ཚ་ཞལ་དཀར་དང་དངུལ་ཆུ་ཁྲོ་རྫོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-04   རྩོམ་ཁུངས།    ཁམས་པའི་དྲ་བ།

ལྕགས་ར་བསམ་འགྲུབ་ལྷ་རྩེར་བཞུགས་པའི་འབུམ་པའི་ཞལ་དཀར་གྱི་སྐུ་འདྲ།

       གླིང་རྗེ་གེ་སར་རྒྱལ་པོའི་ཕུ་བོ་དཔའ་ཡ་མེད་འབུམ་པའི་རྒྱ་ཚ་ཞལ་དཀར་ནི། ཡབ་རྗེ་སེང་བློན་རྒྱལ་པོས་རྒྱ་མི་ཆེན་དཔོན་གྱི་བུ་མོ་རྒྱ་བཟའ་ལྷ་དཀར་སྒྲོལ་མ་ཁབ་ཏུ་བཞེས་པ་ལ་བོད་རབ་བྱུང་དང་པོའི་ཆུ་མོ་གླང་གི༡༠༡༣ལོའི་རྒྱལ་ཟླ་བའི་ཚེས་ཉེར་བདུན་ལ་སྐུ་འཁྲུངས། ཞལ་རས་ཨ་མ་དང་འདྲ་བ་དཀར་ཞིང་དྭངས་ལ། ལྷའི་བུ་ལྟར་ཀུན་གྱི་ཡིད་དུ་འོང་བ། སེམས་ཁོག་ཡངས་པ། དགྲ་ལ་དུག་གི་ཚེར་མ། གཉེན་ལ་རྒྱ་དར་དཀར་པོ། དཔའ་ལ་རྒྱ་སྟག་ངར་མ། རྩལ་དྲུག་རྒྱ་ཁྲ་ཧོར་པ་འདྲ་བ་ཞིག་བྱུང་བས་ནང་མི་གཉེན་ཉེ་ཚོས་ཞལ་ལུ་ཉི་མ་རང་ཤར་དང་། ཕྱི་མི་རྣམས་ཀྱིས་འབུམ་པའི་དུང་ཟླ་དཀར་པོ་ཞེས་འབོད་པ་བྱུང་། མི་དགའ་བ་རྣམས་ཀྱིས་མིང་ངན་དུ་འབུམ་པའི་གླེན་པ་ཁ་འཐམ་ཟེར། ཁོང་ནི་བྱིས་པ་གཞན་གྱི་ལོ་བསྐྱེད་ལས་ཟླ་བསྐྱེད་ཀྱིས་ཆེ་བ་དང་། ཟླ་བསྐྱེད་ལས་ཞག་བསྐྱེད་ཀྱིས་ཆེ་བ་ལྟ་བུ་བྱུང་སྟེ། ལྷ་ངང་ཡག་རྒྱལ་པོའི་རྣམ་འཕྲུལ་དུ་ངོས་འཛིན་བྱས། མ་ཟད་འཕགས་པ་ཤཱ་རིའི་བུ་དང་། གྲུབ་ཐོབ་ཀུ་ཀུ་རཱ་ཛ། སློབ་དཔོན་ཧཱུཾ་ཀ་ར། དགེ་སློང་ནམ་མཁའི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། རིག་འཛིན་རྒྱལ་བ་མཆོག་དབྱངས་སོགས་ཀྱི་རྣམ་སྤྲུལ་དུ་ཡང་བསྔགས། གླིང་གི་ཡང་ཐུལ་དམ་པའི་མི་བདུན་གྱི་གཙོ་བོ་དང་། དཔའ་མི་འགྱུར་འབུམ་པའི་ཞལ་དཀར་ཞེས་ཡོངས་སུ་གྲགས། ཁོང་གི་ལས་ནོར་གྱི་གཙོ་བོ་མཚོན་རྣོན་པོ་ཡ་ཟི་སྐར་ཕྲན་དང་། ཁྲབ་ལྷ་བཟང་དཀར་མོ་སོགས་ཡིན། ཆིབས་པའི་མིང་ལ་འདོ་བ་རྒྱ་བྱ་སོག་དཀར་དང་། གླུ་ངག་གི་མིང་ལ་རྒྱ་ཚའི་དཀར་མོ་དྲུག་འགྱུར་ཟེར། ཆུང་ནས་གཡུལ་འཐབ་མང་པོར་ཞུགས་ནས་རྟིང་མ་རི་དང་མཉམ་པ་མང་པོ་བླངས། མཐར་ཧོར་གླིང་གཡུལ་འཁྲུགས་སྐབས་མང་སྣེ་ཉུང་གིས་མ་བརྟེན་པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་གཞུང་རྫོང་འབའ་གཞུང་ཡུལ་ཚོའི་སྐྱ་རེངས་གད་པའི་ཁུག་སོ་ནས་ཤན་པ་རྨེ་རུ་རྩེའི་མདུང་མགོར་མཆོངས་ནས་དུང་ཟླ་ཐང་ལ་ལྷུང་ཞེས་སྐུ་གཤེགས་པར་གྱུར་ཏོ།།



        སྡེ་དགེ་ལྕགས་ར་བསམ་འགྲུབ་ལྷ་རྩེ་ན་འབུམ་པའི་ཞལ་ལུ་དཀར་པོའི་སྐུ་མཁར་ཕོ་བྲང་ཆེན་པོ་དངུལ་ཆུ་ཁྲོ་རྫོང་ཆགས་ཤིང་། དེ་ལ་གནས་མི་འགྱུར་བསམ་འགྲུབ་ལྷ་རྩེ།མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་། མི་མི་འགྱུར་རྒྱ་ཚ་ཞལ་དཀར་ཞེས་ཟེར། ད་ལྟ་བསམ་འགྲུབ་ལྷ་རྩེའི་ཕྱོགས་ཀུན་ཏུ་དངུལ་ཆུ་ཁྲོ་རྫོང་གི་མཁར་ཤུལ་གྱང་རལ་ཆེན་པོ་དང་། དངུལ་ཆུ་ཁྲོ་རྫོང་གི་ཕྱོགས་བཞི་ན་ཤར་རྫོང་ཉི་མ་རང་ཤར་དང་། ལྷོ་རྫོང་ཟོ་ལུ་གནམ་བཏགས། ནུབ་རྫོང་ཁུ་བྱུག་མགུལ་དཀྲིས། བྱང་རྫོང་རྒོད་ཚང་ཁ་གཡེལ་བཅས་ཡོད་པའི་རྗེས་ཤུལ་ཡོད།

      གཞན་ཡང་དགྲ་ངུ་བྲག་ལ་འདོ་བ་རྒྱ་བྱ་སོག་དཀར་གྱི་རྨིག་རྗེས་དང་། རྒོད་འབྲང་རི་མགུལ་ན་རྒྱ་ཚའི་མདའ་རྟགས། ལྕགས་རའི་དགོན་འདབས་ན་གླིང་གིས་དམག་སྦྱོང་མཛད་སའི་ཐང་ཆེན་མ། རྒྱ་ཚའི་བླ་ཤིང་ཤུག་སྡོང་། གླིང་གི་མཆོད་རྟེན་ཆ་བརྒྱད་ཀྱི་ཤུལ། སྒྲུང་གླུ་ལས་གསལ་བ་ལྟར་རྩ་བརྒྱད་མདའ་ན་བརྒྱ་རྩ་བརྒྱད་མཆོད་རྟེན་ར་བ། སྟོང་རྩ་གཉིས་སཱཙྪའི་འབུམ་ཁང་། གོ་རོང་མདའ་ལ་རྒྱ་ཚའི་ཞལ་ངོ་རང་བྱོན། རྩེ་ཟིལ་མདོ་ན་གེ་སར་སྐུ་མཆེད་གསུམ་གྱི་རྟ་ཆུ་བླུད་ས། གེ་སར་ཆང་ཕོར་བརྒྱབ་ཤུལ། རྩ་ར་མདའ་ན་གེ་སར་ཕྱག་དཔུང་གི་རྗེས་དང་གསང་རྡོར་གྱི་རྗེས་སོགས་གླིང་གེ་སར་སྐུ་མཆེད་སྐུ་མཆེད་གསུམ་དང་། ཁྲི་དཔོན་འབུམ་པའི་ཞལ་ལུ་དཀར་པོ་ཡབ་སྲས་དང་འབྲེལ་བའི་རྗེས་ཤུལ་ཤིན་ཏུ་མང་བ་ཞིག་ད་ལྟ་ཡང་བཞུགས་ཡོད་དོ།། ཞེས་དཔལ་ལྡན་ལྕགས་ར་དགོན་ནས་བསྐུལ་ངོར་ངོ་སྤྲོད་ཉུང་བསྡུས་འདི་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ས་ཕག་ཟླ༧ཚེས༡༠ལ་འཕྲལ་མར་བྲིས།