བོད་བཟོའི་ཁྱིམ་ཆས་ཀྱི་ཁྱད་ཆོས་དང་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-30   རྩོམ་ཁུངས།    བོད་ལྗོངས་ཚགས་པར་ཁང་།

 བོད་བཟོའི་ཁྱིམ་ཆས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། བོད་ཀྱི་ལོ་རྒྱུས་རགས་བསྡུས་དང《བཀའ་ཆེམས་བཀལ་ཁོལ་མའི》ནང་བཙན་པོའི་དུས་ནས་བརྐོས་དཀྲོལ་ལ་མཁས་པའི་བཟོ་བོ་ཚོས་ལྷ་ལྡན་གཙུག་ལག་ཁང་དང་རྭ་མོ་ཆེ་གཙུག་ལག་ཁང་བཞེངས་པ་ནས་བཟུང་བོད་བཟོའི་ཁྱིམ་ཆས་རིམ་གྱིས་དར་འགོ་ཚུགས། ལོ་ངོ་སྟོང་གི་འབྲི་རྩལ་དང་བརྐོས་དཀྲོལ། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མཛེས་རྒྱན་སྤྲོས་ཐབས་བཅས་ཁྱིམ་ཆས་བཟོ་རྩལ་ཐད་སྤྱད་པར་བརྟེན་བཀོད་པ་ཐུན་མོང་མ་ཡིན་པ་དང་། ཕྱིའི་རྣམ་པ་མཛེས་པ། ཚོན་མདོག་རྣམ་པར་བཀྲ་བ་བཅས་ཀྱི་བོད་བཟོའི་ཁྱིམ་ཆས་དར་ཡོད།

    བོད་རིགས་ཀྱི་འཛུགས་སྐྲུན་ཁྱད་ཆོས་དེ་སྲོལ་རྒྱུན་བོད་བཟོའི་ཁྱིམ་ཆས་ལ་སྤྱད་པར་བརྟེན་དེའི་རྣམ་པ་དེ་བས་ཉམས་དང་ལྡན་པ་ཞིག་འགྱུར་ཡོད། ཚོན་སྤེལ་སྟངས་ཐད་ལའང་མཚོ་བོད་ས་མཐོར་རང་ཉིད་ཀྱི་ཁྱད་ཆོས་དང་དོན་སྙིང་ལྡན་པ་དཔེར་ན། ཚོན་མདོག་དམར་པོས་བློ་སྟོབས་དང་དྲང་བདེན་མཚོན་པ་དང་། ཚོན་མདོག་སེར་པོས་ལོ་ལེགས་དང་རེ་བ་མཚོན་པ། ཚོན་མདོག་སྔོན་པོས་བློ་གྲོས་དང་ཞི་འཇམ་མཚོན་པ། ཚོན་མདོག་ལྗང་གུས་ཚེ་སྲོག་དང་དགེ་བ་མཚོན་པ། ཚོན་མདོག་དཀར་པོས་དྭངས་གཙང་དང་བཀྲ་ཤིས་མཚོན་གྱི་ཡོད། སྲོལ་རྒྱུན་གྱི་བོད་བཟོའི་ཁྱིམ་ཆས་ལ་ཚོན་དམར་པོ་དང་སེར་པོ་གཞི་གདན་དུ་བྱས་ཏེ་དེའི་སྟེང་ཚོས་གཞི་སྔོན་པོ་དང་། ལྗང་གུ དཀར་པོ་བཅས་གསུམ་གཏོང་སྲོལ་ཡོད་ཅིང་། ཚོན་ལྔ་པོ་དེ་དག་རྒྱུན་དུ་སྤྱོད་མང་བའི་ཚོན་མདོག་ཡིན་པ་རེད།