སྟོན་གྱི་ལོ་མའི་སྟེང་གི་རྒྱལ་ཐང་།

རྩོམ་པ་པོ།   རྟ་མགྲིན་རྒྱལ།  ཡིག་བསྒྱུར།       དུས་ཚོད།   2019-10-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     

    སྟོན་ཁའི་མཛེས་སྡུག་གི་རི་མོ་ལྗོན་ཤིང་གི་ལོ་མར་འབབས་ཤིང་།ལོ་མ་རེ་རེ་སྟོན་རླུང་གི་གྲེ་བས་བཏེགས་ཏེ།ནམ་མཁའི་བྲང་གཞུང་ན་བྱེའུ་ཚོགས་ཀྱི་ཟློས་གར་ལ་བསྡོངས་དུས།སྟོན་གྱི་ལོ་ལེགས་ལ་ཕུན་ཚོགས་ཀྱི་ཕྱྭ་གཡང་འཁོར་ཞིང་།འབྱུང་འགྱུར་གྱི་ལེགས་ཚོགས་ལ་གསེར་མདོག་གི་ཉི་འོད་འཁྱུད།ཁྲུང་ཁྲུང་གི་ཕྱིར་མིག་ཁྲོད་ལུས་པའི་རྒྱལ་ཐང་།ཁུ་བྱུག་གི་གྲེ་འགྱུར་བར་ལྷག་པའི་རྒྱལ་ཐང་།ཁྱེད་ཀྱི་མཛེས་སྡུག་ནི་སྤྲིན་དཀར་གྱི་འདབས་མར་བྲིས་ཤིང་ཡངས་པའི་ནམ་མཁའ་ན་རྒྱུ།ཁྱེད་ཀྱི་མཚར་སྡུག་ནི་ནོར་འཛིན་གྱི་པང་བར་ཁྱབ་ཅིང་ས་ཆེན་གྱི་ཁྱོན་ན་འབར།

    རྨི་ལམ་ཞིག་གི་མགོ་རྔ་མ་ཚེས་པའི་སྔ་རོལ་དུ། ངས་ནམ་རྒྱུན་རྒྱལ་ཐང་གི་སྔོ་ཡུག་ཡུག་གི་ནམ་མཁའ་དང་།ལྗང་ནེམ་ནེམ་གྱི་ས་གཞི་ལ་བལྟས་ནས།ལོ་ཟླ་མཛུབ་བར་དུ་བསྒྲེང་ཞོར་ཏག་ཏག་ཟླ་ངོ་དྲུག་གི་ཚེས་རུ་ཡིད་ཀྱི་རླབས་རྩེ་ནས་དལ་བུར་ཤར།དེ་དུས།ངས་མགོ་བོ་དལ་གྱིས་ཡར་བཀྱགས་ནས་བལྟ་དུས། ཉེ་སར་བལྟས་ན་ཁྱུང་ཆེན་ཞིག་གི་གཤོག་པ་བརྐྱང་པའི་ཚུལ་དང་།རིང་སར་ཅེར་ན་སེང་གེ་འགྱིང་སྟོབས་ཀྱིས་ཉལ་བ་ལྟ་བུའི་རྒྱལ་ཐང་གི་མདུན་རི་ནི་སྔར་བཞིན་ཇི་འདྲའི་བརྗིད་ཅིང་ཇི་འདྲའི་བརྟན་བརླིང་ངང་འགྱིང་ཡོད་པ་ཞིག་རེད་ཨང་།

  རྒྱལ་ཐང་གི་ནམ་མཁའ་ནི་ཕ་ཡུལ་གྱི་ནམ་མཁའ་ཡིན་ལ།རྒྱལ་ཐང་གི་ནམ་མཁའ་ནི་ཕ་ཡུལ་གྱི་ནམ་མཁའ་འང་མིན།སྤྱིར་ནམ་མཁའ་ནི་གྲང་དྲོད་གཉིས་འདུས་འདྲེས་ཀྱི་ཁྱིམ་གཞི་ཞིག་དང་།འབྱུང་བ་བཞིའི་ཚེ་སྲོག་གི་རེ་སྨོན་འབུས་ས་ཡིན།དེ་བས།ས་ཁུལ་བགོས་ནས་ནམ་མཁའ་དབྱེ་སྲོལ་མེད་མོད།རྒྱལ་ཐང་གི་ནམ་མཁའ་འདི་ལ་ཁྱད་ཆོས་ཤིག་ཡོད་པ་ནི་ནམ་རྒྱུན་ནམ་མཁའ་དྭངས་པ་དང་།སྐབས་རེར་ནམ་མཁའ་སྤྲིན་པ་འཁྲིགས་དུས།སྤྲིན་ནག་པོ་རྔམ་བརྗིད་ལྡན་པའི་ངང་མཐའ་ནས་ལངས་ཤིང་།སྤྲིན་དཀར་པོ་ཞི་བ་དང་ཡངས་སོར་ལྡན་པའི་ངང་དཀྱིལ་དུ་གཡོ།ད་དུང་ནམ་མཁའ་རུབ་མ་ཐག་ཆར་འབབས་པ་དང་།ཆར་བབབས་མ་ཐག་སླར་ཡང་གནམ་ངོ་དྭངས་ཤིང་ཉི་མ་དྲོ་བར་བྱེད།སྦྲང་ཆར་གྱི་ཐིག་པས་འཛིན་མའི་ལྟོ་བ་ལ་དག་གཙང་གི་ཆབ་ཁྲུས་གསོལ་ཞིང་།ཉི་ཟེར་གྱི་འོད་ཀྱི་སྐུད་པ་རེ་རེ་ན་བྱམས་བརྩེ་འཁྱིལ་ཞིང་མཚར་སྡུག་གི་ཞིང་ཁམས་འདི་ལ་དྲོད་ཀྱི་ས་བོན་ཡང་ཡང་འབུལ།  རྒྱལ་ཐང་གི་ནམ་མཁའ་ལས་མི་ལོ་ཆིག་སྟོང་ལྷག་གི་བློ་ཁོགས་ཤིག་དྲན་ཐུབ་ལ།རྒྱལ་ཐང་གི་ནམ་མཁའ་ལས་འབྱུང་འགྱུར་གྱི་ཕུགས་བསམ་ཞིག་ཀྱང་མངོན་གྱིན་པ་འདྲ།

 ནམ་མཁར་སྙེག་པའི་ས་འཛིན་གྱི་དབུ་འཕང་གིས་ནམ་མཁའི་བྱ་ལམ་འགོག་པར་བྱེད་ཅིང་།སྤྲིན་གྱི་དབུ་ཞྭ་དང་འཇའ་ཚོན་གྱི་བྲང་རྒྱན།ཁ་བའི་ཐོར་ཅོགགཡུ་ལོའི་གོས་བཟང་སོགས་ཀྱིས་རབ་ཏུ་བརྒྱན་པའི་རི་ཕལ་ཆེར་ཆུ་རི་ཡིན་ལ།ཆུ་རི་ཞེས་པའི་དོན་ནི<ས་དཔྱད>ལས་རི་ལ་ཆུ་རི་དང་མེ་རི་སོགས་སུ་དབྱེ་ཡོད་པས།ཆུ་རི་ཡོད་སར་ཆར་ཆུ་མོད་པ་དང་།མེ་རི་ཡོད་སར་ཆར་ཆུ་ཉུང་ཞིང་སྐམ་ཤེད་ཆེ་བ་སོགས་རི་བོའི་དབྱིབས་སོགས་ལ་བལྟས་ནས་བཤད་པ་ཞིག་ཡིན།ས་གཞི་བསིལ་ཞིང་དྲི་ཞིམ་གྱིས་ཁྱབ་པ།བྱ་བྱེའུ་སྣ་ཚོགས་འཚེ་མེད་ཀྱིས་རྒྱུ་བ། མི་ཐམས་ཅད་བདེ་སྐྱིད་ཀྱིས་བརྟས་ཤིང་གླུ་དང་གར་ལ་ལོངས་སྤྱོད་པའི་ངང་ཚུལ་མིག་ལམ་དུ་མངོན་ཚེ།རྒྱལ་ཐང་ཞེས་པའི་མིང་དེ་ཅུང་བློའི་སྦུབས་སུ་ཞུགས་ཤིང་ཤམ་བྷ་ལ་འམ་སེམས་ཀྱི་ཉི་ཟླ་ཞེས་པ་དེ་ཡོལ་བའི་ངོས་སུ་རི་མོ་བྲིས་པ་ལྟར་མིག་གི་མདུན་དུ་གསལ་ལེར་ཤར་ཡོང་།མཛེས་སྡུག་དང་འཆམ་མཐུན། ཞི་བདེ། བདེ་སྐྱིད། འཚེ་མེད་ཀྱི་དཔལ་ལ་རོལ་བའི་ཚུལ་འདི་མཐོང་ཚེ།ལག་པས་འགྲམ་པ་བསྐྱོར་པའི་ཚུལ་གྱིས་གླུ་ཞིག་དང་།སྨྱུ་གུ་དམ་དུ་བཟུང་བའི་ཟོལ་གྱིས་སྙན་ངག་ཅིག་འབྲི་བར་མི་བྲེལ་བའི་མི་སུ་ཞིག་མཆིས་ཨང་།

  དབུ་བརྒྱན་དུ་ཇ་ལ་དམར་པོའི་ནང་དུ་བ་སོ་དཀར་སངས་ངེ་འདུག་པ་བརྒྱུན་ཞིང་།གཟུགས་བོང་ཆེ་ཞིང་དཔྲལ་དབྱིབས་ཆེ་བ།བང་རྐྱལ་སྦེ་གསུམ་དང་གཏམ་ཡིག་རྩིས་གསུམ།བཞད་གད་ཤགས་གསུམ་ལ་མཁས་ཤིང་མོས་པའི་ས་ཁུལ་འདིའི་བོད་པ་དག་མཐོང་ཚེ།  ཚི་དྲེགས་ཆགས་པའི་ཡིག་རྙིང་དག་དྲན་ཡོང་ལ། ཡིག་རྙིང་དེ་དག་གི་ལས་བྱུང་བའི་ཐུ་བྷོད་དང་གདོང་དམར་བོད་པ་ཞེས་པ་འདི་འདྲ་ཞིག་ཨེ་ཡིན་སྙམ་པའི་དྲི་བ་ཞིག་རང་གིས་རང་ལ་འདྲི་དགོས་པར་བྱུང་།  བོད་ཉམས་དོད་ཀྱང་བོད་རང་གི་ཁྱད་ཆོས་མངའ་བའི་རྒྱལ་ཐང་གི་བོད་པ་དག་མཐོང་ཚེ།སེམས་ངོགས་སུ་མ་སྦར་པའི་དྲོད་ཀྱི་མེ་སྟག་མཆེད་ཅིང་།མིག་ལམ་དུ་མ་བསྒྲིག་པའི་རེ་བའི་ཉི་འོད་ཅིག་ཤར།

    ཆར་སྤྲིན་གྱི་ཡོ་ལང་དང་མེ་ཏོག་གི་གར་སྟབས་ཁྲོད། ད་ནི་རྒྱལ་ཐང་ལ་སྟོན་མཇུག་ཏུ་སླེབས་བྱུང་།ལོ་མ་རེ་འགའ་ངའི་མིག་ལམ་དུ་ལྡིང་སྐོར་བྱེད་ཅིང་། བྱེའུ་ཆུང་རེ་འགས་ཀྱང་ངའི་མགོ་ཐོག་ཏུ་སྐད་སྙན་སྒྲོག་ཀྱིན་འདུག  གལ་སྲིད་ང་རང་རི་མོ་བ་ཞིག་ཡིན་ཚེ།གལ་སྲིད་ང་རང་སྙན་ངག་པ་ཞིག་ཡིན་ཚེ།  དེ་དག་ཀྱང་ཡིན་མི་དགོས།གལ་སྲིད་ང་རང་ཕྱེ་ལེབ་ཅིག་ཡིན་ཚེ།ངས་ཁྱེད་ཀྱི་མཛེས་སྡུག་གི་བྲང་གཞུང་ཁོ་ན་གནས་ཚང་དུ་འཆོས་ཏེ།  ཚེ་སྲོག་གི་མཛེས་སྡུག་དང་ལང་ཚོ་ཡི་གར་སྟབས་ཁྱེད་ལ་འབུལ་བར་འདོད།ང་ཡི་རྒྱལ་ཐང་། ཁྱེད་ནམ་ཡང་སྲིད་པའི་བླ་རི་ཡིན།མེས་པོའི་ཐབས་རྡོ་ཡིན། ང་ནམ་ཡང་ཁྱེད་ཀྱི་དུས་གསུམ་ལ་བསྙེས་ན་འདོད།ང་ནམ་ཡང་ཁྱེད་ཀྱི་མཛེས་སྡུག་ལ་འཁྱུད་ན་འདོད།