མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-17   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་མི་སྣའི་གསོ་སྦྱོང་རྟེན་གཞིས་རོགས་སྒྲུབ་གནང་བ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་པཎ་ཆེན་ཞིབ་འཇུག་གླིང་གིས་འགན་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་མི་སྣའི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསྡུས་ཤིང་། ཞིང་ཆེན་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་མཱ་ཀྲི་མའེ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་མཱ་ཞའོ་ཆིན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མི་རིགས་དགེ་ཐོན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ། མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་གཞོན་པ་ཁྲེང་ཡུང་ལིང་། མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གི་འགོ་གཙོ་སྟེ་དགེ་རྒན་ཆེན་མོ་སྟོབས་ལྡན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གནའ་དཔེ་གཞུང་སྒྲུབ་ཁང་གི་ཡིག་སྒྱུར་བ་སངས་རྒྱས་རྒྱལ། པཎ་ཆེན་ཞིབ་འཇུག་གླིང་གཞུང་སྒྲུབ་ཁང་གི་འགོ་གཙོ་སྟེ་དགེ་རྒན་ཆེན་མོ་སངས་རྒྱས་དོན་འགྲུབ། པཎ་ཆེན་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་སྟེ་དགེ་རྒན་ཆེན་མོ་གཞོན་པ་འཛོམས་སྐྱིད་སྒྲོལ་མ། མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གི་དགེ་རྒན་ཏེ་འབུམ་རམས་པ་བདུད་འདུལ་རྡོ་རྗེ། དེ་མིན་ཞིང་ཆེན་ཡོངས་ཀྱི་ཟི་ལིང་གྲོང་ཁྱེར་དང་ཁུལ་དྲུག  རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་ལས་སྒྲུབ་མི་སྣ་དང་མི་རིགས་དགེ་ཐོན་སློབ་གླིང་གི་ཞིབ་འཇུག་པ་སོགས་བསྡོམས་པས་མི54འགོ་རྩོམ་མཛད་སྒོར་ཞུགས།

        དགེ་རྒན་བཀྲ་བྷོ་ཡིས་བསྟན་དོན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་ནི་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་བྱ་བའི་ཁྱབ་ཁོངས་ཀྱི་བག་བྲོ་བའི་དོན་བཟང་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། རིག་གནས་ཀྱི་ཡིད་རྟོན་ཇེ་དྲག་དང་ཏང་གི་མི་རིགས་སྲིད་ཇུས་དངོས་འབེབ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཐད་དགེ་མཚན་ཆེན་མོ་ལྡན། རང་རྒྱལ་མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ན། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ངེས་པར་དུ་ཤུགས་སྣོན་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཞིབ་འཇུག་མི་སྣའི་གསོ་སྦྱོང་དང་སྐྱེད་སྲིང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། མཚོ་སྔོན་ཞིང་ཆེན་ནི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཞིང་ཆེན་ཞིག་ཡིན་ལ། ང་ཚོས་དེའི་ཐད་གྲུབ་འབྲས་ལེགས་པོ་བླངས་ཡོད་ནའང་། རང་ཞིང་གི་གནའ་དཔེ་སྤྱིའི་གནས་ཚུལ་ལ་བལྟས་ན། འདི་ནི་ཏག་ཏག་རྒྱ་མཚོ་ནང་གི་ཆུ་ཐིགས་ཙམ་རེད། གྲངས་ཉུང་མི་རིགས་གནའ་དཔེ་ཐད་ཀྱི་མི་སྣའི་དཔུང་སྡེའང་ལྟོས་བཅས་ཀྱིས་ཞན་པ་དང་། མགྱོགས་མྱུར་གྱིས་རང་ཞིང་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལས་སྒྲུབ་མི་སྣའི་གཞུང་ལུགས་ཆུ་ཚད་དང་ལས་སྒོའི་སྤུས་ཚད། ཆེད་ལས་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། དུས་ཡུན་ཐུང་ངུའི་གསོ་སྦྱོང་སྤེལ་བར་བརྒྱུད། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་བྱེད་པའི་རྩ་དོན་དང་བྱེད་ཐབས། ནུས་རྩལ་བཅས་སྔར་ལས་ལེགས་པོའི་སྒོ་ནས་གསོ་སྦྱོང་ལ་ཞུགས་པའི་མི་སྣར་སྩོལ་བ་དང་། གནའ་དཔེའི་རྐང་འཛིན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱས་ཏེ། རང་ཞིང་གི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་འཚོལ་ཞིབ་དང་སྲུང་སྐྱོབ། ལེགས་སྒྲིག་དང་ཞིབ་འཇུག་བྱ་བ་སྔར་ལས་ལེགས་པར་སྐུལ་འདེད་དང་། རང་ཞིང་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་བྱ་བ་སྲ་བརྟན་དང་གཏིང་ཟབ་སྒོས་སྤེལ་བ་མངོན་འགྱུར་བྱེད་པའང་མཐོ་རིམ་སློབ་ཆེན་གྱིས་སྒྲུབ་འོས་པའི་ལས་འགན་གཙོ་བོ་ཞིག་ཡིན།

        ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་རྟེན་གཞི་བཙུགས་པའི་ཚུན་ནས་སྤེལ་བའི་ལས་རིགས་གསོ་སྦྱོང་ཐེངས་གཉིས་པ་ཡིན་ལ། གཙོ་ཆེར་གཞི་རིམ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལས་སྒྲུབ་མི་སྣའི་ལས་རིགས་སྤུས་ཚད་དང་ནུས་རྩལ་མཐོར་འདེགས་སུ་གཏོང་བ་དེ་ཡིན། གསོ་སྦྱོང་ལ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཐར་དང་། བོད་ལྗོངས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་པདྨ་བཀྲ་ཤིས། ཀྲུང་གོའི་མི་རིགས་རིག་གནས་ཕོ་བྲང་གི་ཞིབ་འཇུག་པ་བྱམས་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་བྷོ། བོད་ལྗོངས་ཡིག་ཚགས་ཁང་གི་ཞིབ་འཇུག་པ་ཟླ་སྒྲོན་སོགས་མིང་དུ་གྲགས་པའི་ཆེད་མཁས་པ་དང་ཤེས་ཡོན་པ་མང་པོས་ཡུལ་དངོས་ནས་སློབ་ཁྲིད་གནང་། སློབ་མ54ཡིས་གཅིག་བསྡུས་སྒོས་ཉིན7ལ་གསོ་སྦྱོང་བྱེད་པ་རེད།