ཡུང་མའི་ཁམ་ཚད

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-16   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        ཁམ་ཚད་ནི་འབྲོག་ཕྱོགས་སུ་ཁ་ཚེ་ཟེར། དོན་ལ་དང་པོ་ཡུང་མ་ཁམ་ཚད་མ་ཞེས་པའི་སྒྲ་དེ་ཁ་ཚེ་ཞེས་འགྱུར་སོང་བ་ཞིག་ཡིན་པ་རེད། རོང་ཕྱོགས་འགའ་རེས་ཉ་ཀོ་ཡང་ཟེར། ཡུང་མའི་ཁམ་ཚད་ནི་བོད་དམངས་ཁྲོད་ཀྱི་གནའ་སྔ་མོའི་མངར་ཆའི་ཞོར་ཟས་ཤིག་ཡིན་པ་དང་བོད་ལ་གནའ་ནས་བཟུང་ད་བར་དུ་འདི་བཟའ་བའི་སྲོལ་ཡོད་ལ་བཟའ་ལུགས་ནི་ཡུང་མའི་ཁམ་ཚད་སྐམ་པོ་རྡོག་གཅིག་ཁ་ནང་དུ་བཟུང་ལ་དལ་མོའི་ངང་མཆིལ་མས་རློན་པ་བྱས་ནས་བཟའ། ཡུང་མའི་ཁམ་ཚད་འདི་ལ་རོ་དང་བྲོ་བ་ཁྱད་མཚར་ཅན་ཞིག་ཡོད་པས་ལོ་ལོན་དང་བྱིས་པ་རྣམས་བཟའ་བར་ཧ་ཅང་དགའ་པོ་ཡོད་པ་རེད། འདིས་ད་ལྟའི་ཤོག་སྦྲང་སོགས་མངར་ཆའི་རིགས་ཀྱི་ཚབ་བྱས་ཡོད་པ་མ་ཟད་ཡུང་མའི་ནང་དུ་མིའི་ལུས་ཁམས་ལ་མཁོ་བའི་རྒྱུ་ཆ་མང་པོ་ཡོད་པས་ལུས་ཟུངས་གསོ་བ་སོགས་ལ་ཕན་པ་ཆེན་པོ་ཡོད་པ་རེད། སྔར་རོང་ཕྱོགས་ནས་འབོལ་ཆེན་བཟོས་ནས་འབྲོག་ཕྱོགས་སུ་ཆུར་བ་དང་ར་ལུག་གི་ལྤགས་པར་བརྗེ་ནས་ཚོང་བྱེད་པ་རེད།

        རྒྱུ་ཆ་འདེམ་པ་ལ། ཡུང་མའམ་ཉུང་མ། འབྲོག་པ་འགའ་རེས་ར་ལས་ཡང་ཟེར། འདིའི་རིགས་ཁ་དོག་དམར་པོ་ཆུང་ཆུང་། མགོའི་ལོ་མ་དང་ལོ་རྩ་ཆུང་ཞིང་རྔ་མ་ཕྲ་མོ་ཅན། ཆེ་ཆུང་ལ་ཁམ་ཚད་ལྷག་ཡོད་པ་རྣམས་བསལ་དགོས། འདིའི་རིགས་ནི་ཡུང་ཤ་སྣག་ལ་རོ་མངར་པོ་ཡོད། གཞན་ཡུང་མ་སྟོན་ཁ་བད་མོ་ཐེངས་འགར་བཞག་པ་ཅན་ཡིན་ན་མངར་ཆ་ཡག་པོ་ཡོད་པ་རེད། ཆུའི་ནང་དུ་གཙང་མ་བཀྲུས་ནས་ཟླ་གཉིས་གསུམ་ཙམ་ལ་བསིལ་སྐམ་བྱ་དགོས། ཟླ་གཅིག་ཙམ་གྱི་སྐབས་ཡུང་མ་རྙིད་པ་ལ་གྲི་ཡིས་གཙག་ནས་རྨ་བཟོས་ན་སྐམ་སླ་བར་ཕན། ཉི་མར་སྐམ་མི་རུང་བས་ཉི་དུག་གིས་ནད་སོགས་སློང་བ་དང་ཕོ་ཁར་གནོད། གློ་གཅོང་གི་ནད་ཀྱང་སློང་སྲིད།

        བཟོ་ཐབས་དངོ ས་ལ། ཡུང་མ་སྐམ་པོ་རྣམས་ཆུ་གྲང་མོ འི་ནང་དུ་བཀྲུས་ནས་སླ་ང་ཞིག་གི་ནང་དུ་སྦྲང་ནག་དང་སྦྲང་རྩི། ཆུ་བཅས་བླུགས་ནས་གདུ། ཡུང་མ་ལེགས་པར་ཚོས་ནས་ཆུ་དང་སྦྲང་གི་ཁུ་བ་རང་ཐག་ཏུ་སོང་བ་ན་ཡུང་མ་རྡོག་པོ་རེ་རེ་བཞིན་སྐུད་པ་ལ་ཕྲེང་བ་ལྟར་བྱས་ནས་བསིལ་སྐམ་བྱ། རློན་པར་ཟོས་ནའང་ཆོག་ལ་སྐམ་པོ་བྱེད་པ་ནི་དུས་ཚོད་ཡུན་རིང་ལ་ཉར་ཚགས་ཐུབ་པ་དང་བྲོ་བ་ཇེ་ཞིམ་དུ་འགྲོ་བའི་ཆེད་ཡིན་པ་རེད།