ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-07   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

མི་དམངས་དུང་ཕྱུར་མང་པོའི་ཐུན་མོང་འབད་འཐབ་ལ་བརྟེན་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ལ་ས་གནས་ཁག་གི་གཞི་རིམ་ཏང་ཡོན་དང་ལས་བྱེད་མང་ཚོགས་ཀྱི་ཁྲོད་དུ་ལན་ཆ་བཟང་པོ་བྱུང་བ།

        མི་དམངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ། འབད་འཐབ་ལ་བརྟེན་ནས་རླབས་ཆེའི་བྱ་གཞག་འགྲུབ་པ་དང་། ཕུགས་འདུན་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་ཡོང་གི་ཡོད། སྤྱི་ཟླ10པའི་ཚེས1ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལ་ས་གནས་ཁག་གི་གཞི་རིམ་ཏང་ཡོན་དང་ལས་བྱེད་མང་ཚོགས་ཀྱི་ཁྲོད་དུ་ལན་ཆ་བཟང་པོ་བྱུང་ཡོད།

      ཚང་མས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ༧༠སོང་བའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས། ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མ་འོངས་གསར་གཏོད། མུ་མཐུད་འབད་འཐབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་གསར་པ་འཕྲོ་བའི་རླབས་ཆེའི་ལེའུ་འབྲི་དགོས་པའི་རྣམ་པ་བསྟན་ཡོད།

      སྟོན་དུས་ཀྱི་ཟླ་བ་བཅུ་པར་གཙང་གསུམ་རྒྱུད་ཀྱི་བདེ་ཐང་དུ། གང་སར་མུ་མཐའ་མི་མངོན་པའི་ཆུ་འབྲས་སྨིན་ནས་སེར་མདངས་མངོན་བཞིན་ཡོད། ཧེ་ལུང་ཅང་ཞིང་སྦོལ་སྐར་བདུན་ཞིང་རའི་ལས་བཟོ་པ་ལུའུ་ཞང་ཏའོ་ཡིས་ཆུ་འབྲས་ཞིང་ཁའི་འགྲམ་དུ་ལག་ཁྱེར་ཁ་པར་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་བལྟས་ཡོད།

     ལུའུ་ཞང་ཏའོ་ཡིས་སྤོབས་སེམས་ཀྱིས་ཁེངས་པའི་ངང་ཧེ་ལུང་ཅང་གི་རྒྱན་སྤྲས་རླངས་འཁོར་ཐོག་གི་ཀྲུང་ཧྭའི་འབྲུ་མཛོད་ཅེས་པ་མཐོང་སྐབས་ང་རང་དགའ་ཚོར་དཔག་མེད་སྐྱེས་བྱུང་། འབྲུ་རྡོག་རྒྱས་པའི་ཨ་ཤོམ་དང་། སྲན་སེར། འབྲས་རྡོག་བཅས་ཀྱི་རྒྱབ་ལོགས་ནི་མི་རབས་འགའ་ཤས་ཀྱིས་པེ་ཏ་ཧོང་ཐང་ཆེན་དེ་པེ་ཏ་ཧོང་འབྲུ་མཛོད་ལ་བསྒྱུར་བའི་འབད་བརྩོན་བྱས་པ་དེ་ཡིན། མིག་སྔར། ཀྲུང་གོ་བས་ཁ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཡོད་ཅེས་བརྗོད་ཡོད།

     ཐན་ཅིན་གྲུ་ཁར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། གྲུ་ལམ་གཙོ་བོའི་ཐོག་གྲུ་གཟིངས་འགྲོ་འོང་བྱེད་མཁན་གཅིག་མིན་གཉིས་མིན་ཡོད། ལོ་ངོ70སོང་རིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་། དཀའ་སྤྱད་འབད་འཐབ་བྱས་ནས། འཛམ་གླིང་ནས་དོ་སྣང་ཆེན་པོ་བྱེད་པའི་རླབས་ཆེའི་གྲུབ་འབྲས་གཏོད་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བ་ཐན་ཅིན་གྲུ་ཁའི་གྲུ་ཁ་དང་པོའི་ཚད་ཡོད་ཀུང་སིའི་འགོ་འདྲེན་རུ་ཁག་གི་རུ་དཔོན་གཞོན་པ་ཁྲེང་ཝེ་ཏུང་གི་རྣ་བོར་སྔར་བཞིན་བྲག་ཅ་འཁོར་བ་ལྟར་ཡོང་བཞིན་ཡོད་ཅིང་། ཏུན་ཁྲི་བྱེ་བ་འགའ་ཤས་ནས་ཏུན་དུང་ཕྱུར་ལྔ་ཟིན་ཞིང་། ཐན་ཅིན་གྲུ་ཁའི་འདོན་འཇུག་བྱེད་ཚད་མཆོང་བརྒལ་ཆེན་པོ་བྱུང་བ་ནི་ཀྲུང་གོའི་དཔལ་འབྱོར་འཕར་བའི་གསོན་ཤུགས་ཀྱི་དཔང་རྟགས་ཡིན་ཞེས་གསུངས།

      སྟར་པ་བསྒྲིགས་པའི་ཐོག་ཁང་ཆུང་ཆུང་དང་། གྲལ་འགྲིག་པོའི་ལྗོན་གྲིབ་འགྲོ་ལམ། རྒྱལ་སྒོའི་རྒྱབ་མདུན་གྱི་ལྡུམ་རའི་སྔོ་ཚལ་བཅས་ནི། ཀོང་ཤིན་ཁྱིམ་གཞིས་ཞེས་པའི་ཀོང་ཞི་པའེ་སི་གྲོང་ཁྱེར་ཐན་ཡང་རྫོང་ཤིན་ལི་གྲོང་ཚོའི་ཡུལ་གཞན་འབུལ་སྐྱོར་གནས་སྤོས་བཀོད་སྒྲིག་ཁུལ་ཡིན། གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲེ་པུའུ་ཧྲུའུ་ཅི་ལོ་ཁྲའོ་ཡང་གིས། ལྟོ་གོས་ལ་དཀའ་ངལ་ཡོད་པ་ནས་འཚོ་བ་ཉིན་རེ་བཞིན་བདེ་སྐྱིད་ལྡན་པར་གྱུར་བ་དང་། སྨན་བཅོས་དང་། སློབ་གསོ། རྒན་གསོ་བཅས་ཀྱི་འགན་ལེན་ཇེ་ལེགས་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པས། ཚང་མའི་རང་བརྟེན་གོང་འཕེལ་གྱི་ནང་གནས་སྒུལ་ཤུགས་དང་སྤྲོ་སེམས་སྔར་ན་མེད་པའི་ཆེན་པོ་ཡོད། ང་ཚོས་མི་རིགས་ཁག་གི་སྤུན་ཟླ་གཅེན་གཅུང་རྣམས་དང་ལག་གདང་སྦྲེལ་བ་དང་། དཔུང་པ་མཉམ་གཤིབ་ཐོག་ནས། གཅིག་མཐུན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱ་རྒྱུ་ཡིན་ཞེས་གསུངས།

     ལོ་ངོ༧༠སོང་རིང་། འཛམ་གླིང་ནས་དོ་སྣང་ཆེན་པོ་བྱས་པ་ནི་འཕུར་སྐྱོད་ལྟ་བུའི་ཀྲུང་གོའི་དཔལ་འབྱོར་དང་། མི་དམངས་ཀྱི་དགའ་སྐྱིད་འཚོ་བ་ཙམ་གྱིས་མ་ཚད་པར།  ད་དུང་ཚན་རྩལ་ཡར་ཐོན་གྱི་ཀྲུང་གོའི་མྱུར་ཚད་ཡོད།

       རྒྱལ་སྟོན་གུང་གསེང་རིང་། ཨན་ཧུའེ་པེང་པུ་ཀྲུང་འཛུགས་རྒྱུ་ཆ་ཆ་འཕྲིན་གསལ་སྟོན་རྒྱུ་ཆ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་བཟོ་སྐྲུན་པུའི་འགན་འཁུར་བ་ཅང་ཡོན་ཐའོ་དང་ལས་རོགས་རྣམས་ཀྱིས་ཐོན་སྐྱེད་འཐབ་ས་དང་པོའི་ལས་ཀ་མཚམས་འཇོག་བྱས་མེད། ཁོང་གིས། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་འགོག་མི་ཐུབ་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གསུངས་པ་དེས་ང་རང་ལ་སེམས་ཤུགས་ཆེན་པོ་སྐྱེས་སོང་ཞེས་གསུངས།

      ཧའོ་སྨི0.30ནས0.12བར།  འདས་ཟིན་པའི་ལོ་ལྔའི་རིང་། ཅང་ཡོན་ཐའོ་ཡོད་སའི་ཁེ་ལས་ཀྱིས་སྔ་རྗེས་སུ་གཡེང་ཐབས་ཀྱིས་ཐོན་པའི་ཤེལ་སྒོ་སྲབ་ཤོས་ཀྱིས་ཀྲུང་གོའི་ཟིན་ཐོ་ཐེངས5དང་། འཛམ་གླིང་གི་ཟིན་ཐོ་ཐེངས1གཏོད་ཡོད། ཅང་ཡོན་ཐའོ་ཡིས་ང་ཚོས་ཧའོ་སྨི0.1གི་འཛམ་གླིང་ཟིན་ཐོ་གསར་པ་གཏོད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་གསུངས།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཉན་རྗེས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཧྲན་ཞི་ཡུང་ཧེ་རྫོང་སུའོ་ཐུའོ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཞུས་ཧུང་སེམས་འགུལ་ཚད་མེད་ཐེབས་ཤིང་། ཁོང་གིས། ཀྲུང་གོའི་དེ་རིང་གི་གོང་འཕེལ་གྲུབ་འབྲས་ནི་མི་དམངས་དུང་ཕྱུར་མང་པོས་ལག་གཉིས་ལ་བརྟེན་ནས་བསྐྲུན་པ་དང་། ཀྲུང་གོ་བ་མི་རབས་ནས་མི་རབས་བར་དཀའ་སྤྱད་འབད་འཐབ་བྱས་ནས་བསྐྲུན་པ་ཞིག་ཡིན། གཞོན་ནུའི་དབུལ་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ང་རང་གིས་རང་ཁུར་ལས་འགན་ལ་ངོ་མི་གནོང་བ་དང་། གཞོན་ནུའི་ལང་ཚོ་སྟོང་ཟད་དུ་མི་འགྲོ་བ་བྱེད་པ་དང་། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་ནས་དཀའ་སྤྱད་ངལ་རྩོལ་དང་བློ་གྲོས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འབྱུར་དང་འབྱོར་འབྲིང་ལམ་དུ་བསྐྱོད་རྒྱུ་ཡིན་ཞེས་གསུངས།