འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་བྱེད་སྒོ་མུ་མཐུད་ནས་འདུ་འཛི་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་4ཉིན་གྱི་སྔ་དྲོར།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཟླ་འོད་ཐང་ཆེན་དུ་འདུ་འཛི་ཆེ་ལ། མི་རིགས་གོས་རྒྱན་སྤྲས་པའི་མཐོ་སྒང་གི་བུ་དང་བུ་མོ་ཚོས་དབྱི་རིགས་ཀྱི་བྲོ་དང་འཇང་རིགས་ཀྱི་བྲོ།  འཇོལ་གྱི་མགྲོན་བསུའི་བྲོ་སོགས་འཁྲབ་སྟོན་བྱས་ནས།  བདེ་ཆེན་གྱི་མི་རིགས་སོ་སོའི་མིང་སྲིང་ཚོའི་ཕན་ཚུན་མཛའ་བརྩེ་དང་སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པར་མངོན་པ་རེད།

        འཇོལ་རྫོང་ཡན་མན་ཤང་དང་ཡུན་ལིང་ཤང་སོགས་ནས་ཡོང་བའི་མང་ཚོགས་ཀྱིས་གྲུབ་པའི་འཁྲབ་སྟོན་རུ་ཁག་གིས་འཇོལ་གྱི་མགྲོན་བསུའི་བྲོ་འཁྲབ་སྟོན་བྱས་ནས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།  མགྲོན་བསུའི་བྲོ་ནི་རྫ་ཆུའི་རྒྱུད་དུ་དར་བའི་བྲོ་ཞིག་ཡིན་ལ། སྟོན་མོ་རྒྱག་པ་དང་མགྲོན་པོ་བསུ་དུས་འཁྲབ་སྲོལ་ཡོད། བྲོའི་རིགས་དེ་ལ་འགུལ་སྟངས་ཚད་ལྡན་གྱི་བླང་བྱ་ནན་པོ་ཡོད་པས་ཕོ་མོ་མཉམ་དུ་འཁྲབ་སྲོལ་ཉུང་།

        ཁུལ་རིག་གནས་ཁང་གི་ཆིའོ་ཞི་དབྱང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་བྱས་པའི་འཇང་རིགས་ཀྱི་ཞབས་བྲོས་འཇངས་རིགས་མང་ཚོགས་དག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70ཡི་ཚུན་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་རྣམ་པ་མངོན་པ་རེད།

        གོང་གི་བྲོ་དེ་གཉིས་འཁྲབ་སྟོན་བྱས་རྗེས།  འཇོལ་དང་རྒྱལ་ཐང་། སྐད་ཚགས། ཉི་ཤར་སོགས་ས་ཆའི་གོས་རྒྱན་སྤྲས་པའི་འཁྲབ་སྟོན་པ་ཚོས་མི་རིགས་རང་བཞིན་དང་སྣ་མང་རང་བཞིན། ས་ཁུལ་རང་བཞིན་སོགས་ལྡན་པའི་བདེ་ཆེན་བོད་རིགས་ཀྱི་གོས་རྒྱན་རིག་གནས་གསོལ་སྟོན་འབུལ་བ་རེད།

        ལུས་ལ་བོད་གོས་གྱོན་པ་དང་ལག་ཏུ་གཡག་རྔ་སོགས་བཟུང་པའི་བསོད་ནམས་རལ་པའི་འཁྲབ་སྟོན་རུ་ཁག་གིས་ཡུལ་དངོས་སུ་རལ་པའི་འགུལ་སྟངས་དཀའ་མོ་འགའ་འཁྲབ་པས་ལྟད་མོ་བ་རྣམས་ཀྱི་དགའ་འབོད་ཡང་ཡང་ཐོབ་པ་རེད།

        མི་རིགས་ཞབས་བྲོ་ཁག་འཁྲབ་སྟོན་བྱས་རྗེས།  འཁྲབ་སྟོན་པ་རྣམས་ཀྱིས་ཡུལ་སྐོར་བ་སོགས་ཁྲིད་དེ་ཐང་ཆེན་ཞབས་བྲོ་མཉམ་དུ་འཁྲབ་པ་རེད།

        ཞབས་བྲོ་འཁྲབ་པ་མ་གཏོགས།  ཟླ་འོད་ཐང་ཆེན་གྱི་མཐའ་འཁོར་དུ་དངོས་མིན་རིག་གནས་ཤུལ་བཞག་གི་ཚོང་འདུས་དང་དམངས་སྲོལ་རིག་གནས་ཉམས་ཚོར་བྱེད་ས་སོགས་སུའང་ཡུལ་སྐོར་བ་མང་པོའི་མིག་དབང་འགུག་ཡོད།  རིན་མི་དགོས་པར་འདོན་པའི་རྩམ་པ་དང་ཐུད།  བསྲུབས་ཇ་སོགས་ཁྱད་ཆོས་ལྡན་པའི་ཞིམ་ཟས་ལ་ཡུལ་སྐོར་བ་རྣམས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།