ཐོ་རེངས་ཀྱིས་བརྩམས་པའི་སྙན་དེབ་གསར་པ《1987》 །

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-26   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

         

 《1987》ནི་རང་མོས་སྙན་ངག་རྐྱང་བ་ལས་གྲུབ་པའི་སྙན་དེབ་ཅིག་ཡིན་ཞིང་། རྩོམ་པ་པོས་མི་ལོ་བཞིའི་རིང་གསར་རྩོམ་བྱས་པའི་སྙན་ངག་དག་ལས་མཚོན་ཐབས་དང་རྗོད་བྱེད། སྒྱུ་རྩལ་གྱི་རིན་ཐང་། བསྟན་དོན་སོགས་ཅུང་ཟད་ཁོག་ཡངས་ཤིང་ཟབ་ཚད་ལྡན་པའི་སྙན་ངག་བརྒྱ་ཕྲག་ལྷག་ཕྱོགས་བསྡུས་བྱས་ཡོད་པ་ཞིག་ཡིན། དེབ་ཧྲིལ་བོ་ཁག་གཉིས་སུ་དགར་ཡོད་དེ། ཁག་དང་པོ་སྟེ《ས་མཐའི་དཔྱིད་ཀ》ལས་འཚོ་ཚིས་ཀྱི་གདབ་གསིག་ལས་བྱུང་བའི་འཁོར་བའི་མྱ་ངམ་ཐང་ཆེན་པོ་རུ་མི་རྣམས་འཚོ་གནས་ལ་འཁྲེང་བའི་མཛེས་སྡུག་གི་བསླུ་བྲིད་དང་རེ་སྨོན། འཚོལ་སྙེག་དང་སྟོང་བསམ། རྨི་ལམ་དང་ཧམ་རྔམ་སོགས་ཀྱིས་བདས་པའི་སེམས་ཁམས་ཀྱི་རྟོག་འགྱུ་བན་བུན་དང་།གཞན་སྨྲ་བསམ་བརྗོད་འདས་ལས་བྱུང་བའི་བརྩེ་དགའ་དང་སྐྱོ་གདུང་། འཚོ་བའི་མངར་སྐྱུར།ཆང་གི་བཟི་ཁ། ཁེར་རྐྱང་གི་གདུང་འབོད་སོགས་ཀྱིས་བསྐྱེད་པའི་ནར་མའི་འཐོམ་སྦྲིད་དང་མི་རྟག་པའི་ལང་ཚོ། སྣང་བ་རང་སར་ཡན་པའི་གླུ། འདུ་བྲལ་སྙིང་བོ་མེད་པའི་ལབ་བརྡོལ་བཅས་ཀྱིས་མི་སེམས་གཅེར་རྗེན་དུ་བཏང་བའི་གོ་རིམ་དང་། ཁག་གཉིས་པ་སྟེ《སྡིག་སྒྲིབ་ཀྱི་འཆིང་ཐག》ལས་འཕྲུལ་ཆས་ཀྱི་མཆེ་བར་ལྷུང་བའི་རང་བྱུང་ཁམས་ཆེན་པོའི་སྨྲེ་ངག དབྱངས་གསལ་གྱི་མུ་ཏིག་ཕྱོགས་སུ་འཐོར་བའི་གོད་ཆགས། ཐོབ་ཤོར་གྱི་ལག་ཟུང་སྟོང་བར་ལུས་པའི་དངུལ་ཕོངས། ཡིད་འོང་གི་མཚར་སྡུག་ཐལ་བར་བརླག་པའི་མྱ་ངན་སོགས་མདོར་ན་སྙན་ངག་ཅེས་པའི་སྒྱུ་རྩལ་གྱི་བླ་གནས་མཐོན་པོ་འདིའི་ཕྱི་ནང་གསང་གསུམ་བརྒྱུད་དེ་ཀློག་པ་པོའི་སྤྱན་ལན་དུ་འཕུལ་ཡོད་ལགས།   

    ལོ་རབས་བརྒྱད་བཅུ་པའི་ནང་རེབ་གོང་རྒྱལ་པོ་རུ་སྐྱེས་ཤིང་། 2003ལོ་ནས་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས། 《མི་རིགས་རྩོམ་རིག》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《སྦྲང་ཆར》《གངས་རྒྱན་མེ་ཏོག》《ཟླ་ཟེར》སོགས་ཀྱི་སྟེང་དུ་སྙན་ངག་གཙོས་བརྩམས་ཆོས་བརྒྱ་ཕྲག་ལྷག་སྤེལ་མྱོང་།  2011ལོ་ནས་བཟུང《གངས་རྒྱན་མེ་ཏོག》གི་གདན་ཞུས་རྩོམ་སྒྲིག་པ་དང《རང་གྲོལ》དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་ཁུར།   མཚོ་སྔོན་བོད་ཡིག་གསར་འགྱུར་དང《མི་རིགས་ཀྱི་རྩོམ་རིག》ཀྱི་སྟེང་དུ་དམིགས་བསལ་འོས་སྦྱོར་བྱས་མྱོང་། 2013ལོར“ལུའུ་ཞུན་རྩོམ་རིག”འཛིན་གྲྭར་ཞུགས་ཏེ་རྩོམ་རིག་གསར་རྩོམ་དང་ལོ་ཙཱ། རྩོམ་རིག་གཞུང་ལུགས་སོགས་ལ་སློབ་གཉེར་བྱས། ད་ལྟ་རྨ་ལྷོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི་དང་མི་སྒེར་གྱི་བརྩམས་ཆོས་ལ《ཚོར་བའི་འཇིག་ཉེན》《བདག་མེད》སོགས་ཡོད།