རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-19   རྩོམ་ཁུངས།    མཚོ་སྔོན་པོ།
གནའ་སྔ་མོར་ཆུ་ཚོད་འཁོར་ལོ་མེད་པས། རང་ཅག་བོད་མི་རིགས་ཀྱིས་ཆུ་ཚོད་ལ་ཇི་ལྟར་བརྟག་བཞིན་ཡོད་པ་ཤེས་སམ། གཤམ་ནས་ལྟོས་དང་།
ཟླ་བའི་དབྱིབས་ལ་བལྟས་ཏེ་ཚེས་གྲངས་ངོས་འཛིན་ཚུལ།
ཚེས་གསུམ་ཚེས་རུ་ཟོར་བ་འགུག་འདྲ། །ཚེས་བརྒྱད་ཟླ་བ་ཟོམ་རྐུབ་བཀས་འདྲ། །ཚེས་བཅུ་ཕོ་ཐོང་བཀྱིག་འདྲ། །བཅུ་གཉིས་མི་མགོ་ཡོན་པོ། །བཅུ་གསུམ་ཁྱུང་གི་སྒོ་ང་། །བཅོ་ལྔ་ཆ་གང་ཉ་གང་། །ཉེར་གསུམ་དཀྱ་མ་དཀྱིལ་གཤགས། །ཉེར་བདུན་ཚེས་རུ་ཕྱིར་འཁོར། །ཞེས་ཟླ་གཅིག་ལ་ཉིན་སུམ་ཅུར་བརྩིས་པའི་ཉེར་བརྒྱད་ནས་ཚེས་གཉིས་བར་ལ་ཟླ་བ་མི་མཐོང་བས་ཉི་ཤུའི་སྨག་ནག་གི་སྒང་ཟེར། ཚེས་གསུམ་དང་བརྒྱད་དང་བཅོ་ལྔ་དང་ཉེར་གསུམ་དང་ཉེར་བདུན་བཅས་ཀྱི་ཟླ་བའི་དབྱིབས་ནི་ཚེས་གྲངས་འཆུགས་ཡོད་མེད་རྟོག་བྱེད་གཙོ་བོ་ཡིན་ནོ།།
ཟླ་བ་ཤར་དུས་ཀྱིས་ཚེས་གྲངས་ངོས་འཛིན་ཚུལ།
ཚེས་གཅིག་ཚེས་རུ་ལྷས་རིག །ཚེས་གཉིས་ཚེས་རུ་འདྲེས་རིག །ཚེས་གསུམ་ཚེས་རུ་མིས་རིག། ཅེས་དང་། བཅུ་བཞི་ཉི་ནུབ་ཟླ་ཤར། །བཅོ་ལྔ་གཟའ་ཕྱེད་གོ་འདུས། །བཅུ་དྲུག་མཛོ་བོ་རྡང་དྲོས། །བཅུ་བདུན་ཁྱི་མགོ་བད་ཆགས། །བཅོ་བརྒྱད་ཁྲམ་པའི་འཇབ་ཁུང་། །བཅུ་དགུ་ནམ་གྱི་གས་གསུམ། །ཉི་ཤུ་ཕར་མ་ཚུར་ཕྱེད། །ཉེར་གཅིག་བཞོན་མ་མཉམ་ལངས། །ཞེས་སོགས་ཟེར་རོ།།
ཉི་གྲིབ་ལ་བལྟས་ཏེ་དུས་ཚོད་ངོས་འཛིན་ཚུལ།
ཉི་ཐིག་གོ་ཁར་ལྷུང་བ། ཉི་ཐིག་སྒྱེད་སྟེང་བརྒྱབ་པ། ཉི་ཐིག་ཡ་གྱུར་སླེབས་པ། ཉི་ཐིག་མཆིག་ཐོག་ཏུ་ཐོན་པ། ཉི་ཐིག་སྦྲ་ངོས་འབྱར་བ། ཞེས་དང་། སྐྱ་འདབས་བཀྱགས། ཤར་སྐྱ་བ། ནམ་ལངས་པ། རི་རྩེར་ཉི་མ་བརྒྱབ། ཉི་མ་ཤོད་ལ་ལྷུང་། ཉི་དྲོས། ཉིན་གུང་། ཉི་ཡོལ། ཕྱེད་ཡོལ། ཉི་ནུབ། སྲོད། མུན་རུབ། ཅེས་དང་། རང་གྲིབ་རང་ཞབས། རྩྭ་གྲིབ་ཤིང་གྲིབ་གུག་པ། གྲིབ་ཆེན་ཐང་ལ་ལྷུང་བ། ཉི་མའི་དམར་ཐག་ཆད་པ། ས་རྩ་རུབ་པ། མུན་རུབ་པ་སོགས་ཟེར་རོ།།
ཆུ་ཚོད།
ཆུ་ཚོད་ནི། ཆུང་ཕྱུགས་ཀྱི་ལྒང་བུག་གམ། ཕྲུ་མས་ལྒང་བུག་འཇོང་དབྱིབས་ཅན་ཞིག་བཟོས་པའི་ནང་དུ་ཆུ་བླུགས་པ་དང་། དེའི་ངོས་སུ་ཐུན་གསུམ་མམ་ཐུན་དྲུག་མཚོན་བྱེད་དུ། སྣག་ཚས་རི་མོ་ཤར་མ་དྲུག་འབྲི་བ་དང་། དེའི་མར་རྣུ་ལ་ཁབ་ཀྱིས་བུ་ག་བཏོད་པར་སྐུད་པ་ཕྲ་མོ་ཞིག་བརྒྱུས་ཏེ་བསྣར་བའི་སྣེ་ནས་ཆུ་ཐིགས་ཟག་ཏུ་བཅུག་སྟེ། དུས་ཚོད་འཇལ་ཐུབ་པའི་ཡོ་བྱད་ཅིག་གོ།
ཐུན་རྐོང་།
ཐུན་རྐོང་ནི། དུས་ཚོད་འཇལ་བྱེད་ལ་ཆེད་དུ་བཟོས་པའི་མཚན་ཐུབ་པའི་རྐོང་བུའམ་མར་མེ་ཞིག་སྟེ། རྐོང་བུའི་ནང་གི་མར་ཁུའི་ཟད་ཚད་ལ་བལྟས་ཏེ་དུས་ཚོད་འཇལ་དགོས་ཤིང་། ཐུན་རྐོང་གི་སྡོང་བུའི་སྦོམ་ཕྲ་དང་། མར་ཁུའི་གར་སླ་སོགས་འཕྲོད་པོ་དང་རྒྱུན་ལྡན་བྱ་ཐུབ་ན། དུས་ཚོད་ཤིན་ཏུ་ཐུག་པར་བཤད། རང་གའི་མར་མེ་ཡིས་དུས་ཚོད་འཇལ་བའང་ཡོད་དོ།།
ཐུན་སྤོས།
ཐུན་སྤོས་ནི། ཐུན་ཚད་འཇལ་བྱེད་ཀྱི་སྤོས་རེང་སྦོམ་ལ་ནུད་ཡུན་རིང་བ་ཞིག་སྟེ། ཐུན་སྤོས་རྐང་ཐུར་དྲུག་གིས་མུན་རུབ་པ་ནས་ནམ་ལངས་པའི་བར་འདང་ཞིང་། འདི་གཙོ་བོ་མཚམས་པ་བ་དང་། ཐུན་རེས་པ་ཚོས་དུས་ཚོད་འཇལ་བྱེད་དུ་བཀོལ་བ་ཞིག་གོ །འདི་དག་ནི་གཙོ་བོ་མཚན་མོའི་དུས་ཚོད་འཇལ་བྱེད་ཡིན་ལ། ཟླ་བ་དང་། སྐར་མར་བལྟས་ཏེ་དུས་ཚོད་ངོས་འཛིན་པའང་ཡོད་དོ།།
གྲིབ་ཚོད་སྐྱེས་བུ།
སྐྱེས་བུ་ནི། གཙོ་བོ་རབ་བྱུང་པས་བཀོལ་རྒྱུའི་ཉི་གྲིབ་ལ་བརྟེན་ཏེ་དུས་ཚོད་འཇལ་བྱེད་ཀྱི་ཤིང་གི་ཡོ་བྱད་རི་རབ་ཀྱི་དབྱིབས་ཅན་ཞིག་སྟེ། འདི་ལ་གྲིབ་ཚོད་སྐྱེས་བུའང་ཟེར། དགེ་ཚུལ་སློང་གི་སྡོམ་མནོས་མཁན་ཚོའི་རྒྱུད་ལ་སྡོམ་པ་སྐྱེས་མ་ཐག་ཏུ། དུས་གོ་པས། སྐྱེས་བུ་ཡིས་དུས་ཚོད་འཇལ་ཞིང་། མྱུར་བར་ལོ་འདིའི། ཟླ་བ་འདིའི། ཉི་མ་འདིའི། ཉིན་མཚན་དང་སྔ་ཕྱིའི་ཆ་འདིའི། སྐྱེས་བུ་དང་སྐྱེས་བུའི་རྐང་གྲངས་འདིའི་སྐབས་སུ། ཉིད་ཀྱི་རྒྱུད་ལ་སྡོམ་པ་སྐྱེ་བ་ཡིན་ནོ། །ཞེས་བརྗོད་དགོས་སོ། །ཕྱིས་དུས་གོའི་དུས་ཚིགས་ཀྱི་སྔ་ཕྱི་ལ་བརྟེན་ཏེ་བསླབ་པའི་རྒན་རིམ་ཕྱེ་དགོས་ཤིང་། སྐྱེས་བུ་གཅིག་གམ། ཐ་ན་རྐང་བ་གཅིག་གིས་བསླབ་པ་ལ་རྒན་གཞོན་ཡོད་ན། རྒན་པ་གྲལ་གོང་དུ་འཇོག་པ་སོགས་བྱེད་དགོས་པ་ཡིན། འདི་ནི་རང་དང་གཞན་རྒྱུད་ཀྱི་བསླབ་པ་ལ་བརྩི་བཀུར་བྱེད་སྟངས་ཤིག་ཀྱང་ཡིན་ནོ།།
གྲལ་ཚེས།
གྲལ་ཚེས་ནི། བོད་ཀྱི་དགོན་པ་དག་གིས་ཐུན་མིན་དུ་བཀོལ་བའི་ཚེས་གྲངས་བགྲང་བྱེད་ཀྱི་ཡོ་བྱད་ཅིག་སྟེ། མར་སྣེར་དར་ཚོན་འཕྱང་བའི་ཐུར་མ་བཅོ་ལྔ་ཐ་གུ་གཅིག་ཏུ་བསྟར་ལ་བརྒྱུས་ཏེ་ཀ་བ་གཉིས་ཀྱི་བར་དུ་བརྐྱངས་ཤིང་། ཚེས་རྟགས་ཞེས། ཡ་སྣེར་ལྕགས་ཀྱུ་དང་མ་སྣེར་མདོག་མི་གཅིག་པའི་དར་ཚོན་བཏགས་པའི་ཐུར་མ་གཞན་ཞིག་གིས་མཚམས་ཕྱེས་ཏེ་ཚེས་གྲངས་མི་ནོར་བར་བྱེད་པ་ཞིག་གོ།།
ཞལ་ཏ་པས། ཉིན་ལྟར་ཚེས་རྟགས་བསྣུད་ཅིང་། དེ་རིང་གྲལ་ཚེས་གསུམ་པ་སོགས་ཡིན་ཞེས།དགེ་འདུན་པར་སྙན་ཞུ་འབུལ་དགོས་སོ།།