གཙོས་དགའ་ལྡན་ཆོས་གླིང་གི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-18   རྩོམ་ཁུངས།    ཀྲུང་གོའི་བོདས་ལྗོངས་དྲྭ་བ།

       

      དེ་ཡང་གྲུབ་དབང་ཤར་སྐལ་ལྡན་རྒྱ་མཚོས། ཕྱོགས་ཕྱོགས་མཚམས་བཀྲ་ཤིས་རྟགས་ཀྱིས་བསྐོར། །ཕུ་དཀར་ཕྱོགས་ལྷ་ཡི་ཕོ་བྲང་མཛེས། །མདའ་དད་ལྡན་ཡོན་བདག་ཚོགས་ཀྱིས་བསྐོར།  །དབུས་མཁས་དང་རབ་བྱུང་བསྟི་གནས་མཆོག  །མཚན་སྙན་གྲགས་དགེ་ལྡན་ཆོས་ཀྱི་གླིང་། །ཞེས་བསྔགས་པའི་མདོ་སྨད་རྨ་ཆུའི་ལྷོ་རྒྱུད་ཀྱི་དཔལ་རི་བོ་དགེ་ལྡན་པའི་ཆོས་སྡེ་ཆེན་པོ་བཞིའི་ཡ་གྱལ་གཙོས་དགའ་ལྡན་ཆོས་གླིང་ནི། ད་ལྟའི་ཀྲུང་གོ་གསར་བའི་སྲིད་འཛིན་ས་ཁུལ་བགོ་སྟངས་ལྟར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་བྱང་ཤར་མཚམས་ཀྱི་སྤྱི་ལེ་གཅིག་ཙམ་གྱི་ས་ན་ཡོད་ཅིང་། ཡུལ་འདི་སྔོན་ཁྲི་རལ་བ་ཅན་གྱི་སྐབས་སུ་རྒྱའི་སོ་མཚམས་སྲུང་བར་མངགས་པའི་གཡུ་ཚ་དམག་དཔོན་གྱི་རྒྱུད་ལས་དཔོན་ཀླུ་རྒྱལ་བྱམས་ཀྱིས་ཡུལ་འདིའི་སྦྲུལ་སྨན་དུ་གཞི་བཟུང་ནས་རིམ་གྱིས་རུ་རྙིང་ཚོ་བ་དྲུག་དང་། རུ་གསར་ཚོ་བ་བཅུ་བཞི།  དཔོན་འཁོར་ཚོ་བ་སྟེ་ཚོ་བ་ཉེར་གཅིག་ཏུ་ཆགས་པ་ལ་གཙོས་ཞེས་སུ་གྲགས་པའི་ཡུལ་གྱི་ལྟེ་བར།  དཔོན་ཀླུ་རྒྱལ་བྱམས་ཀྱི་རྒྱུད་ལས་དཔོན་ཚེ་མཁར་རྒྱལ་གྱིས་རབ་བྱུང་བཅུ་བའི་ས་ལུག་སྟེ་སྤྱི་ལོ་(༡༦༡༩)ལོར་རོང་བོའི་བླ་མ་དམར་དམར་གྲགས་པ་རིན་ཆེན་དཔལ་བཟང་བོ་སྤྱན་དྲངས་ཏེ་ཐོག་མའི་རི་ཁྲོད་དེ་ས་དཀར་རི་ཁྲོད་ཅེས་བྱ་བ་ཕྱག་བཏབས།   དེར་རིམ་གྱིས་སྒྲུབ་པ་ལ་གཅིག་ཏུ་གཞོལ་བའི་གཙོས་སྟོན་སྒོམ་ངག་དབང་ཚུལ་ཁྲིམས་དང་རིན་ཆེན་བཟང་བོ་སོགས་ཀྱིས་ཡུན་རིང་བསྐྱངས་མཐར།  རབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་(༡༦༧༨)གཙོས་དཔོན་པོ་ལྷ་འབུམ་གྱིས་དབུས་ནས་བཤེས་གཉེན་ཆེན་པོ་དཀའ་བཅུ་པ་འབེ་ཤེས་རབ་མཆོག་ལྡན་ཡུལ་འདིར་གདན་དྲངས་ཏེ་སྔར་གྱི་རི་ཁྲོད་རྒྱ་བསྐྱེད་ཀྱིས་ཆོས་སྡེ་ཆེན་པོ་དགའ་ལྡན་ཆོས་གླིང་འདི་ཉིད་ཕྱག་བཏབས།   རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ཏེ་སྤྱི་ལོ་(༡༧༤༩)ལོར་གཙོས་དགེ་ལེགས་རྒྱ་མཚོ་དང་རྩེ་ཐོག་སྐུ་སྐྱེ་སོགས་སེར་སྐྱ་དྲག་ཞན་ཐུན་མོང་ནས་གསོལ་བ་རྩེ་གཅིག་ཏུ་བཏབས་པ་བཞིན། འཇམ་མགོན་བསྟན་པའི་མཛེས་རྒྱན་དགའ་ལྡན་ཁྲི་རབས་ང་གསུམ་པ་ཁྲི་རྒྱལ་མཚན་སེངྒེ་དཔལ་བཟང་བོར་དགོན་པ་ཕུལ་ཞིང་ཁོང་གིས་དབུས་སྒོ་མང་གྲྭ་ཚང་གི་ཕྱག་ལེན་ཇི་ལྟ་བ་བཞིན་ལོ་དེའི་ཟླ་བཞི་བའི་ཚེས་བཞིའི་ཉིན་བཀའ་པོཏ་ལྔའི་འཆད་ཉན་གྱི་རྒྱུན་བཙུགས་ཏེ་བེ་རི་མཐུ་སྟོབས་རྒྱལ་མཚན་པ་ཐོག་མའི་འཆད་ཉན་པར་བསྐོས། བཅའ་ཡིག་བླང་དོར་ཀུན་གསལ་མཛད་པས་དེ་ནས་བཟུང་རྗེ་དེ་ཉིད་ཆོས་སྡེ་འདིའི་ལུགས་གཉིས་ཀྱི་བདག་པོར་གྱུར། བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་གསེར་ཁ་བསོད་ནམས་རྒྱ་མཚོ། རྔ་བ་གོ་ཐུབ། རྔ་བ་ཆོས་སྐྱོང་རྒྱ་མཚོ། ཨ་རིག་སྙན་གྲགས། སྟག་རིང་སྐུ་སྐྱེ། སུམ་མཐིལ་རྡོ་རམས་པ་སོགས་མཁན་ཁྲི་རིམ་ཕེབས་རྣམས་ཀྱིས་དཔེ་ཁྲིད་ཡུན་རིང་གནང་བས་མདོ་སྔགས་ཀྱི་འཆད་ཉན་ཤིན་ཏུ་དམར། བཀྲ་ཤིས་འཁྱིལ་གྱི་རྒྱུད་གྲྭ་བ་རྣམས་གཙོས་དགོན་པར་ཆོས་བར་ལ་ཕེབས་པ་དང་། རྒྱུད་ན་བཞུགས་པའི་རྡོ་རམས་པ་རྣམས་ཀྱིས་བཀའ་པོད་ལྔ་སྔགས་དང་བཅས་པའི་དམ་བཅའ་མཚན་ཕུད་བཞག་པ་ཡིན་པར་མདོ་སྨད་དུ་ཆོས་འབྱུང་དུ་གསུངས།  ལྷག་པར་མེ་བྱ་(༡༧༧༧)ནས་རྡོ་རམས་པའི་དམ་བཅའ་འཇོག་པའི་སྲོལ་བཏོད།

              ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེངྒེ་དཔལ་བཟང་བོས་ཆོས་སྡེ་འདིར་སྔར་ལས་ལྷག་པའི་ཐུགས་ཁུར་མཛད་དེ་འཆམ་སྨོན་ལམ། ལྕགས་མཁར། རིགས་གྲྭ། ལྔ་མཆོད། པོ་ཏི་ལྔའི་འཆད་ཉན་གྱི་རྒྱུགས་སོགས་གྲྭ་ས་ཆེན་པོའི་ཕྱག་ལེན་ཆ་ཚང་བར་མཛད་ཅིང་། ཚོགས་ཆེན་འདུ་ཁང་ཆེན་མོ། ཇོ་ཁང་ཆེན་མོ། གསེར་ཁང་ཆེན་མོ། དུས་གསུམ་སངས་རྒྱས་ལྷ་ཁང་། རྟ་མགྲིན་ལྷ་ཁང་། མི་འཁྲུགས་པའི་ལྷ་ཁང་། གུར་གྱི་མགོན་ཁང་།   བླ་བྲང་དབང་ལྡན་ལྷུན་པོ་སོགས་སྐུ་གསུང་ཐུགས་རྟེན་དང་ལྷ་ཁང་གསེར་ཁང་རྒྱ་ཆེ་བ་བཞེངས་བསྐྲུན་མཛད་ཅིང་། གྲྭ་ཚོགས་རྒྱས་སྐབས་སུ་དགེ་འདུན་པ་ཆིག་སྟོང་ལྷག་འདུས། དམ་པ་འདི་ཉིད་ཀྱི་ཐུགས་སྲས་དམ་པ་བསེ་བློ་བཟང་བཀྲ་ཤིས་རབ་རྒྱས་དང་། གཙོའི་ཕྱག་མཛོད་བསྟན་པ་རྒྱལ་མཚན། དུང་ཕྲུག་གྲགས་པ་སེངྒེ་། རྗེ་ངག་དབང་འཕྲིན་ལས་པ་སོགས་བུ་སློབ་ཉི་ཟླ་ལྟ་བུས་སྡེ་འདིར་ཡུན་རིང་བསྐྱངས་པ་ལས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས་སོ། །

              སྔ་ཕྱིར་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཆེན་པོ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་དང་། ཐུགས་སྲས་བྱང་ཆུབ་མི་ལ།   བསྟན་པའི་མངའ་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པ། ཁྲི་ཆེན་སྐུ་ཕྲེང་རིམ་བྱོན།  ཁྱ་དགེ་བློ་གྲོས་རྒྱ་མཚོ། ཐུགས་སྲས་ངག་དབང་བཀྲ་ཤིས། ཀུན་མཁྱེན་འཇིགས་མེད་དབང་བོ། གུང་ཐང་བསྟན་པའི་སྒྲོན་མེ། རྔ་བ་ཆོས་སྐྱོང་རྒྱ་མཚོ། གསེར་ཁ་བསོད་ནམས་རྒྱ་མཚོ། ཨ་རིག་བློ་བཟང་སྙན་གྲགས། རྔ་བ་གོ་ཐུབ  རྐང་ཚའི་མཁྱེན་རབ། སྟག་རིང་སྐུ་སྐྱེ།  བསེ་ངག་དབང་འཇམ་དབྱངས་ཤིས། བསེ་བློ་བཟང་བཀྲ་ཤིས་རབ་རྒྱས།  བྲག་སྒོམ་པ་བློ་བཟང་ཤེས་རབ། བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས། སྐུ་ཞང་རིན་པོ་ཆེ་ངག་དབང་ཆོས་འཕེལ། གཙང་བླ་དཀའ་ཆེན་བློ་བཟང་དཔལ་ལྡན། དཀའ་ཆེན་ཤེས་རབ་རྒྱལ་མཚན། སྒོམ་རའི་ཨ་ཁུ་རིན་པོ་ཆེ། སྐུ་ཕྱོགས་ཨ་རོལ་རིན་པོ་ཆེ། ཀིརྟི་བློ་བཟང་འཕྲིན་ལས། པཎ་ཆེན་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་བོ་མཆོག ། ཀུན་མཁྱེན་དྲུག་པ་ཆེན་པོ། བརྒྱད་པ་ཆེན་པོ་བློ་བཟང་བསྟན་འཛིན་སྐལ་ལྡན་རྒྱ་མཚོ། འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་དབང་ཕྱུག་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། བཀའ་གདམས་གླེགས་བམ་གྱི་ལུང་གིས་ཟིན་པའི་དཔལ་ཕྱག་ན་པདྨོའི་གནས་དགའ་བ་བརྒྱ་ལྡན་ཆོས་ཀྱི་གླིང་ཆེན་པོ་འདིར། མཁས་གྲུབ་དམ་པ་དེ་རྣམས་ཀྱིས་པོ་ཏི་ལྔའི་འཆད་ཉན་བཤད་སྒྲུབ་ཀྱི་སྲོལ་དང་། རྒྱུད་སྡེ་བཞིའི་དབང་ལུང་རྗེས་གསུམ་མན་ངག་གི་རྒྱུན། ལམ་རིམ་དང་བློ་སྦྱོང་། རིམ་གཉིས་ཀྱི་ཁྲིད་ལ་སོགས་པ་དམ་པའི་ཆོས་ཀྱི་མཆོད་སྦྱིན་ཟད་མི་ཤེས་པ་ནམ་མཁའ་མཛོད་དུ་སྤྲུགས་པས་གཉུག་མར་གནས་པའི་སེམས་ཅན་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་བྱང་ཆུབ་ཀྱི་སྙིང་བོ་ཅན་དུ་མཛད་པའི་ཚུལ་ནི། ཇི་སྐད་དུ།  བསྟོད་པ་བརྒྱ་ལྔ་བཅུ་བར།  འཇིག་རྟེན་གཉིས་ཀར་སྨན་གདགས་དང་། །འཇིག་རྟེན་ལས་ནི་འདའ་སླད་དུ། །མུན་པར་གྱུར་བའི་འཇིག་རྟེན་པ། །ཁྱོད་ཀྱིས་ཤེས་རབ་གནང་བར་མཛད།  །ཅེས་གསུངས་པ་ལྟར་རོ།  །

              ས་ཁྱི་ལོའི་དུས་འགྱུར་སྐབས་དགོན་པ་འདིའི་ལྷ་ཁང་རྟེན་གསུམ་མ་ལུས་པ་གཏོར་བརླག་ཏུ་བཏང་སྟེ་ཤུལ་ཙམ་ཡང་མི་ཤེས་པ་ལྟ་བུར་བགྲང་བྱ་ཉི་ཤུའི་རིང་ལ་ལས་ཁུངས་དང་ཁྱིམ་པའི་ཚོགས་ཀྱིས་ཟིན་པའི་བསྐལ་བ་ངན་པའི་དུས་ཀྱི་ཡོལ་བས་རིང་དུ་བསྒྲིབས་པ་ན། མཁས་གྲུབ་བྱེ་བའི་གཙུག་རྒྱན་ཡབ་རྗེ་བླ་མ་བསེ་རྡོ་རྗེ་འཆང་འདི་ཉིད་ཁོ་ནའི་ཐུགས་བསྐྱེད་དང་སྨོན་ལམ་ལས་སྡེ་འདིར་ཡང་དར་བསྟན་པའི་ཆོས་སྒོ་ཕྱེ་ཐུབ་པར་གྱུར་ཏེ་རིམ་གྱིས་ཕྱིའི་ལྷ་ཁང་དང་འདུ་ཁང་རྣམས་བཞེངས་བསྐྲུན་དང་།   ནང་བཤད་སྒྲུབ་འཆད་ཉན་གྱི་བྱ་བར་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་མེད་མི་རུང་བར་དགོངས་ཏེ་སྨྲ་བའི་དབང་ཕྱུག་མ་ཧཱ་པཎ་ཊི་ཏ་རྗེ་༧བློ་གསལ་རྒྱ་མཚོ་དཔལ་བཟང་བོ་དགོན་འདིའི་དགེ་རྒན་དུ་བསྐོ་བཞག་མཛད།  ད་ལྟ་ཡང་རོང་བོ་དཔལ་གྱི་ཆོས་སྡེ་ཆེན་པོ་ནས་དགེ་བའི་བཤེས་གཉེན་ཆེན་པོ་གཅན་ཚའི་འཇམ་དབྱངས་ཆོས་འཕེལ་ཚང་དང་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་མཁྱེན་རབ་ཚང་རྣམ་གཉིས་གདན་དྲངས་ཏེ་པོ་ཏི་ལྔའི་འཆད་པའི་ཁུར་གྱི་བཀའ་དྲིན་སྐྱོང་བཞིན་པ་དང་།  ཁྱད་པར་དུ་ཡབ་རྗེ་བླ་མ་རྡོ་རྗེ་འཆང་དུས་གསུམ་གྱི་རྒྱལ་བ་ལས་ཀྱང་བཀའ་དྲིན་གཞལ་དུ་མེད་པ་འདི་ཉིད་ཁོ་ནས་ཆོས་སྡེ་འདི་ཐུགས་ཀྱི་ཟེའུ་འབྲུར་བསྣམས་ཏེ་རྟེན་དང་བརྟེན་པ་བཞེངས་བསྐྲུན། གྲྭ་ཚང་གི་འགྲིག་ལམ་ཀུན་སྤྱོད། ལས་སྣེ་བསྐོ་བཞག ཡུལ་ཕྱོགས་ཀྱི་ལས་དོན་ཕྲ་རགས་ཐམས་ཅད་ཐུགས་རྗེ་ཀྱོ་བ་རྣོན་པོས་དུས་སྐད་ཅིག་ཀྱང་གློད་པ་མེད་པར་མས་བུ་གཅིག་པ་ལ་བྱམས་པ་དང་སྙིང་རྗེས་ལྷུར་ལེན་པ་ཇི་ལྟ་བ་དེ་ལྟ་བུར་མཛད་པ་ལས།   གཙོའི་དགའ་ལྡན་ཆོས་གླིང་ཞེས་ད་ལྟ་སྙིགས་མ་ལས་ཀྱང་ཆེས་ཆེར་སྙིགས་པའི་དུས་འདིར་རྒྱལ་བ་འཇམ་དཔལ་སྙིང་བོའི་དྲི་མ་མེད་པའི་ལྟ་སྒོམ་སྤྱོད་གསུམ་གྱི་རིང་ལུགས་འཛིན་པའི་ཆོས་སྡེ་སྟོང་ཕྲག་དུ་མའི་གྲལ་མཐའ་ཙམ་ཟིན་ཐུབ་པའི་སྐལ་བཟང་འདི་ཤར་བ་ལགས་སོ། །