སྤྱི་གླིང་དུ་འཆམ་འཆམ་ལ་སོང་ན་སེམས་ཁམས་ཀྱི་ཕན་ནུས་ཆུ་ཚོད་བཞིའི་རིང་རྒྱུན་བསྲིང་ཐུབ།

རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-09-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


           སྔོ་ལྗང་གི་ལྗོན་ཤིང་ཁྱབ་ཚད་མང་བའི་སྤྱི་གླིང་ཆེ་གྲས་སུ་བསྐྱོད་ནས་འཆམ་འཆམ་བྱས་ན་སེམས་ཁམས་ཇེ་བཟང་དུ་གཏོང་བའི་ཕན་འབྲས་ཧ་ཅང་ཆེ།    ཨར་འདམ་དང་སྣུམ་ནག་ལམ་གྱི་བཀང་བའི་ཐང་ཆེན་དུ་སོང་ནས་འཆམ་འཆམ་བྱས་ན་སེམས་ཁམས་ལ་ཕན་པའི་ནུས་པ་ཧ་ཅང་ཆུང་།    

        སྤྱི་གླིང་ནང་གི་སྔོ་ལྗང་ལྗོན་ཤིང་གིས་ཐལ་རྡུལ་འཇོམས་པ་དང་སྣོད་བཅུད་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅིང་། ཁོར་ཡུག་དེའི་ནང་འཆམ་འཆམ་བྱས་ན་གཟུགས་པོ་བདེ་ཐང་ཡོང་ཐུབ་ལ་སེམས་ཁམས་ཀྱང་ལེགས་སུ་འགྲོ་ཐུབ། དབྱིན་ཇིའི་སྣོད་བཅུད་སློབ་ཚོགས་ཀྱིམི་དང་རང་བྱུང་ཁམས་ཞེས་པའི་དུས་དེབ་ཐོག་བཏོན་པའི་ཞིབ་འཇུག་གསར་ཤོས་ཤིག་ལས་སྤྱི་གླིང་དུ་བསྐྱོད་ན་སེམས་ཁམས་ལ་ཕན་པ་ཆུ་ཚོད་བཞིའི་རིང་ལ་རྒྱུན་བསྲིང་ཐུབ་པ་ཤེས་རྟོགས་བྱུང་ཡོད།

        ཨ་རིའི་ཧྥོ་མོང་ཐེ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ཅིའུ་ཅིན་ཧྲན་གྱི་སྤྱི་གླིང་160ཡི་མི་4600ལྷག་ཙམ་ལ་ཞིབ་འཇུག་བྱས་པ་ན།   སྤྱི་གླིང་དུ་འཆམ་འཆམ་ལ་སོང་ན་སེམས་ཁམས་མི་ལེགས་པའི་སྣང་ཚུལ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད།   འཆམ་འཆམ་ལས་ཐོན་པའི་སྤྲོ་སྣང་དང་དགའ་སྐྱིད་ནི་དུས་རྒྱུན་གྱི་དགའ་སྟོན་ཞིག་ལ་རོལ་བའི་སེམས་ཁམས་དང་འདྲ་ལ།   སྤྱི་གླིང་དང་ཁ་བྲལ་རྗེས་ཀྱི་ཆུ་ཚོད་བཞིའི་ནང་ལ་ཡང་སྔར་བཞིན་སྐྱོ་སྣང་གི་སེམས་ཁམས་དེ་ཕལ་ཆེར་ཐོན་ཐུབ་ཀྱི་མེད་པ་ཤེས་རྟོགས་བྱུང་ཡོད།     ཞིབ་འཇུག་བྱས་པ་བརྒྱུད། ལྗང་འཛུགས་ཁྱབ་ཚད་དེ་བས་མཐོ་བའི་སྤྱི་གླིང་ཆེ་གྲས་སུ་བསྐྱོད་ན་སེམས་ཁམས་ལེགས་སུ་གཏོང་བའི་ཕན་འབྲས་དེ་བས་ཆེ་བ་ཐོན་པ་དང་། སྤྱི་གླིང་ཅུང་ཆུང་བའི་ནང་ནས་བློ་ཁ་ལེགས་སྒྱུར་གྱི་ཚད་ཅུང་ཆུང་བ་རེད།    ཨར་འདམ་དང་སྣུམ་ནག་ལམ་གྱིས་ཁེངས་པའི་ཐང་ཆེན་དུ་ལེགས་བཅོས་ཀྱི་ནུས་པ་ཧ་ཅང་ཆུང་བ་རེད། 

            གཞན་ཡང་དབྱིན་ཇིའི་ཧྭ་ཝུའེ་སློབ་ཆེན་དང་། ཉིའུ་ཁ་སིར་སློབ་ཆེན། ཤེ་ཧྥེར་ཏེ་སློབ་ཆེན་བཅས་ཀྱིས་མི་ཁྲི་གཉིས་དང་སྟོང་ལྔ་ལས་བརྒལ་བར་ཞིབ་འཇུག་བྱས་པ་བརྒྱུད་སྡོད་ཁང་ཉེ་འགྲམ་དུ་སྔོ་ལྗང་རྩི་ཤིང་མང་བའི་མི་རྣམས་ཀྱི་ཡོང་འབབ་དང་། ལས་ཞུགས། སྤྱི་ཡོངས་ཀྱི་བདེ་ཐང་ཆུ་ཚད་བཅས་གཞན་དང་བསྡུར་ནས་ཅུང་ལེགས་པ་ཤེས་རྟོགས་བྱུང་ཡོད།  སྡོད་ཁང་གི་སྨི་300ཡི་ཁྱབ་ཁོངས་ནང་སྔོ་ལྗང་མུའུ་15མང་དུ་བཏང་ཚེ་འཚོ་བའི་བློ་ཡིད་ཚིམ་ཚད་8%མཐོ་རུ་གཏོང་ཐུབ་པ་དང་།  བདེ་སྐྱིད་ཚོར་སེམས་5%མང་དུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག