རྔ་བ་ཁུལ་གྱིས་སྒོ་བྱང་སོགས་སུ་བོད་ཡིག་ཚད་ལྡན་དུ་སྤྱོད་པའི་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-16   རྩོམ་ཁུངས།    མཚོ་སྔོན་པོ།

 《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཡིག་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཁུལ་ཡོངས་ཀྱི་བོད་ཡིག་སྤྱི་ཚོགས་ཐོག་སྤྱོད་པའི་ཡི་གེ་སྔར་བས་ཚད་ལྡན་དང་དོ་དམ་བྱ་ཆེད། ཉེ་སྔོན། རྔ་བ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ལས་གྲུབ་པའི་མཉམ་འབྲེལ་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གིས་ཧུང་ཡོན་རྫོང་དང་མཛོད་དགེ་རྫོང་གཉིས་ཀྱིས་བོད་ཡིག་ཚད་ལྡན་དུ་སྤྱོད་པར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།


     རྫོང་དེ་གཉིས་ཀས་སོ་སོའི་རྫོང་མི་རིགས་ཆོས་ལུགས་ཅུས་དང་མཉམ་དུ《བོད་སྐད་ཡིག་གི་སྲོལ་ཡིག》དྲིལ་བསྒྲགས་བྱ་ཡུལ་བཙུགས་ནས་མང་ཚོགས་ལ《བོད་སྐད་ཡིག་གི་སྲོལ་ཡིག》ཀློག་དེབ760དང་། བོད་ཡིག་གི་ཡིག་གཟུགས་དེབ165། བོད་ཡིག་གི་ཡིག་གཟུགས་ཀྱི་སྨྱུ་གུ་380བཅས་རིན་མེད་ངང་སྤྲད་པ་རེད། དེ་དང་ཆབས་ཅིག རྫོང་གཉིས་ཀྱི་གཞུང་ལམ་གྱི་ལམ་རྒྱུད་དང་རྫོང་གྲོང་གི་སྤྱོད་པའི་བོད་ཡིག་ལ་ལྟ་སྐུལ་དང་མཛུབ་ཁྲིད་བྱས་པ་དང་། སྲིད་འཛིན་ལས་ཁུངས་ཀྱི་སྒོ་བྱང་ཚད་ལྡན་ངང་བེད་སྤྱོད་བྱས་ཡོད་མིན་ལ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་པ། སྲིད་འཛིན་ལས་ཁུངས་ཀྱི་སྒོ་བྱང་97བརྟག་བཤེར་བྱས་པ་དང་། རྫོང་གཉིས་ཀྱི་གཞུང་ལམ་དང་རྫོང་གྲོང་གི་ཁྲོམ་གཞུང་གི་མིང་དང་། ཚོང་ཁང་གི་སྒོ་བྱང་། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཀྱི་བོད་ཡིག་སྤྱི་ཚོགས་ཐོག་སྤྱོད་པའི་ཡི་གེ1000ལྷག་ཙམ་ལ་རིམ་བཤེར་བྱས་པ་དང་། བོད་ཡིག་སྤྱོད་མེད་པ། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་སྒྱུར་དང་སྦྱར་ནོར་ཤོར་བ། གནས་སྐབས་སྦྱར་བ་དང་དེ་བཞིན་པར་སྒྲིག་ཚད་ལྡན་མིན་པ་བཅས་ཁག179ལ་རིམ་བཤེར་བྱས་པ་རེད། ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་སྒོ་བྱང་སོགས་ཀྱི་བོད་ཡིག་ཚད་ལྡན་དུ་གཏོང་རྒྱུའི་ཐད་ཚད་ལྡན་གྱི་བླང་བྱ་དང་ཚད་གཞི་བཏོན་པ་དང་འབྲེལ། རྫོང་མི་རིགས་ཆོས་ལུགས་ཅུས་ཀྱིས་བླང་བྱ་གཞིར་བཟུང་ནས་དུས་བཅད་ནང་ཁྱོན་ཡོངས་ནས་བཅོས་སྒྲིག་བྱ་རྒྱུ་རེད།


     《བོད་སྐད་ཡིག་གི་སྲོལ་ཡིག》དྲིལ་བསྒྲགས་བྱས་པ་བརྒྱུད་དམངས་ཡོངས་བོད་ཡིག་བེད་སྤྱོད་སྐྱོན་བྲལ་འཕེལ་རྒྱས་གཏོང་བའི་བྱ་བའི་ནང་ཞུགས་པའི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་པ་དང་གྲོང་ཁྱེར་གྱི་སྤྱི་ཡོངས་སྣང་བརྙན་ཇེ་ལེགས་སུ་ཕྱིན་པར་ཕན་འབྲས་ཐོབ་བོ།།