ཆོས་དད་རང་མོས་ཀྱི་སྲིད་ཇུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས

ཆོས་དད་རང་མོས་ཀྱི་སྲིད་ཇུས། | ཀྲུང་གོ་བོད་ཀྱི་དྲ་བ།


སྤྱི་ལོ1951ལོར་བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་དང་། སྤྱི་ལོ1965ལོར་བོད་རང་སྐྱོང་ལྗོངས་བཙུགས་ཚུན་དང་། ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན། རིག་གནས་གསར་བརྗེ་ཆེན་པོའི་རིང་ཕུད། ཆོས་དད་རང་མོས་ཀྱི་སྲིད་ཇུས་སྔ་བར་ཕྱི་གསུམ་དུ་ལག་བསྟར་བྱེད་པ་དང་བོད་ཀྱི་རྒྱ་ཆེའི་དགེ་འདུན་པ་རྣམས་དང་ཆོས་དད་མང་ཚོགས་ཚོས་ཀྲུང་དབྱང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལ་བརྩི་བཀུར་དང་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད་པ་རེད།

ཏང་དང་སྲིད་གཞུང་གིས་བཅའ་ཁྲིམས་དང་ལག་ལེན་གྱི་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རང་ཉིད་ཀྱི་སྲོལ་རྒྱུན་ཡུལ་སྲོལ་གོམས་གཤིས་ལྟར་འཚོ་བ་སྐྱེལ་བ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བའི་དབང་ཆར་བརྩི་འཇོག་དང་འགན་སྲུང་བྱེད་པ་དང་། ཁོང་ཚོས་རང་ཉིད་ཀྱི་འདོད་མོས་ལ་བཞིན་རྒྱུན་ལྡན་གྱི་ཆོས་ལ་དད་པ་བྱེད་པ་དང་མཆོད་འབུལ་བྱེད་པ། ཆོས་ལུགས་ཀྱི་བྱེད་སྒོ་དང་དམངས་ཁྲོད་དུས་ཆེན་གྱི་བྱེད་སྒོའི་ནང་ཞུགས་པའི་དབང་ཆར་བརྩི་འཇོག་དང་འགན་སྲུང་བྱས་ཡོད། བོད་རིགས་མང་ཚོགས་ཚོས་བོད་རིགས་ཀྱི་རྒྱན་གོས་དང་། བཟའ་བཏུང་། སྡོད་ཁང་བཅས་ཀྱི་སྲོལ་རྒྱུན་རྣམ་པ་དང་ཉམས་འགྱུར་སྲུང་འཛིན་བྱེད་པ་དང་ཆབས་ཅིག ཟས་གོས་འགྲོ་སྡོད་བཞི་དང་། མནའ་མ་བསུ་ལེན་དང་གཤིན་པོའི་འདས་མཇུག་སོགས་ཕྱོགས་གང་ཅིའི་ཐད་དེང་རབས་རིག་གནས་ཀྱི་གོམས་སྲོལ་གསར་པ་མི་ཉུང་བ་བསྡུ་ལེན་བྱས་ཡོད་པས། བོད་ལྗོངས་མི་དམངས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། ལོ་ལྟར་ས་གནས་ཁག་གི་མང་ཚོགས་ཀྱིས་དུས་ཆེན་གཏོང་བ་དང་འདུ་འཛོམས་བྱེད་པའི་ནང་། སྲོལ་རྒྱུན་གྱི་དམངས་སྲོལ་དུས་ཆེན་མང་པོ་ཡོད་ལ། དགོན་སྡེའི་ཆོས་ལུགས་དུས་ཆེན་ཡང་མང་པོ་ཡོད་ཅིང། རྒྱལ་ཡོངས་དང་དེ་བཞིན་འཛམ་གླིང་རང་བཞིན་གྱི་གསར་དར་གྱི་དུས་ཆེན་དང་འདུ་འཛོམས་ཀྱང་ཡོད། དེང་རབས་ཤེས་དཔལ་གྱི་བསམ་བློ་གསར་པ་དང་། རིག་གནས་གསར་པ་དེ་བོད་ཀྱི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་དང་ཕན་ཚུན་ཟུང་དུ་འབྲེལ་བས། བོད་ལྗོངས་སུ་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་དར་སྲོལ་གསར་པ་དང་གོམས་གཤིས་གསར་པ་ཆགས་ཡོད་པ་རེད། རྒྱ་ཆེའི་མང་ཚོགས་ཚོའི་ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོབ་ཐོབ་པ་དང། བོད་རྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་དད་པའི་ཁྱད་ཆོས་དང་། ཆོས་ལུགས་ཀྱི་སྲོལ་རྒྱུན་ལའང་བརྩི་འཇོག་དང་སྲུང་སྐྱོབ་ཐོབ་ཡོད་པས། བོད་ཀྱི་སེར་སྐྱ་མང་ཚོགས་ཚོའི་བསྔགས་བརྗོད་ཐོབ་ཡོད་པ་རེད།

བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས། བོད་ཀྱི་རིག་དངོས་དང་། གནའ་ཤུལ། དགོན་སྡེ་བཅས་ཚང་མ་སྲུང་སྐྱོབ་ཡག་པོ་བྱུང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང་ཕོ་བྲང་པོ་ཏཱ་ལ་དང་། སེ་འབྲས་དགའ་གསུམ། གཙུག་ལག་ཁང་། གདན་ས་བཀྲ་ཤིས་ལྷུན་པོ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ནང་བཅུག་ཡོད་པ་རེད། སྤྱི་ལོ1960ལོར། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་དགོན་སྡེ་བསྒྱུར་བཅོས་ཀྱི་བྱ་ཐབས་དོན་ཚན་ལྔ་བཏོན་གནང་བ་སྟེ། གཅིག་ནས་བཤུ་གཞོག་སྤོང་བ་དང་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་མེད་པར་བཟོ་དགོས་པ། གཉིས་ནས་དམངས་གཙོའི་དོ་དམ་བྱེད་དགོས་པ། གསུམ་ནས་སྲིད་གཞུང་གི་བཀའ་ཁྲིམས་ལག་བསྟར་བྱེད་པ་དང་། དགོན་པའི་ནང་བཀའ་ཁྲིམས་ལག་བསྟར་བྱེད་དགོས་པ། བཞི་ནས་དགེ་འདུན་པ་ཐོན་སྐྱེད་ནང་བཞུགས་དགོས་པ། ལྔ་ནས་བགྲེས་སོང་དང་གཅོང་ཅན་དང་ཆོས་ཞབས་པ་བཅས་ཀྱི་དགེ་འདུན་པའི་འཚོ་བ་སྲིད་གཞུང་ནས་འགན་ལེན་བྱེད་དགོས་པ་བཅས་ཡིན་པ་རེད། པཎ་ཆེན་རིན་པོ་ཆེའི་གྲོས་འགོ་དེ་སྲིད་གཞུང་གིས་དང་ལེན་གནང་བ་དང་། ཕྱིས་སུ་ལས་དོན་ནང་ལག་བསྟར་བྱས་ཡོད། སྲིད་གཞུང་གིས་ཆོས་ལུགས་གྲུབ་མཐའ་ཁག་ཚང་མར་ཕྱོགས་རིས་མེད་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། དགོན་སྡེའི་དགེ་འདུན་རྣམས་ཀྱིས་དམངས་གཙོའི་འདེམས་བསྐོ་བྱས་པ་བརྒྱུད། དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་ངམ་དམངས་གཙོ་བདག་གཉེར་ཚོགས་ཆུང་བཙུགས་ནས། ཆོས་ལུགས་བྱ་དོན་ལ་རང་ཉིད་ནས་དོ་དམ་བྱེད་པ་དང་རང་རང་ནས་ཆོས་ལུགས་བྱེད་སྒོ་སྤེལ་གྱི་ཡོད་པ་རེད། དེ་ནས་བཟུང་། བོད་ཀྱི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལ་ཆོས་དད་རང་མོས་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དངོས་སུ་རགས་ཡོད།

སྤྱི་ལོ1966ལོ་ནས་སྤྱི་ལོ1976ལོའི་བར། བོད་ལྗོངས་འདི་ཉིད་ཀྲུང་གོའི་ས་ཁུལ་གཞན་དག་དང་འདྲ་བར། ལོ་བཅུའི་རིག་གནས་གསར་བརྗེ་ཆེན་པོ་བརྒྱུད་ཡོད། ཟང་ཟིང་ཆེན་པོ་དེའི་ནང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུར་འགོག་རྐྱེན་དང་གཏོར་བཤིག་ཐེབས་ཡོད་པ་དང་། མཇུག་འབྲས་ངན་པ་ཚབས་ཆེན་བཟོས་ཡོད། འོན་ཀྱང་ཟང་ཟིང་འཇུག་འགྲིལ་རྗེས། ཀྲུང་དབྱང་སྲིད་གཞུང་གིས་ཟིང་བཅོས་ཡོ་བསྲང་གནང་ཏེ། ཆོས་དད་རང་མོས་ཀྱི་སྲིད་ཇུས་ཚུད་པའི་སྲིད་ཇུས་ཁག་ཁྱོན་ཡོངས་ནས་སྐྱར་དུ་དོན་འཁྱོལ་གནང་བ་རེད།

རིག་གནས་གསར་བརྗེ་ཆེན་པོས་བཟོས་པའི་གྱོང་གུན་གསབ་ཆེད། སྤྱི་ལོ1979ལོ་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གིས་སྔ་ཕྱིར་མ་དངུལ་སྒོར་དུང་ཕྱུར7ལྷག་ཙམ་བཏང་ནས་བོད་ཀྱི་དགོན་སྡེ་དང་། གདུང་རྟེན་ལྷ་ཁང་སོགས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཉམས་གསོ་བྱས་པ་རེད། སྙན་གྲགས་ཆེ་བའི་ལྷ་ལྡན་གྱི་གདན་ས་ཆེན་པོ་གསུམ་དང་། བཀྲ་ཤིས་ལྷུན་པོ་དགོན་པ། ས་སྐྱ་དགོན་པ། གཙུག་ལག་ཁང་། བསམ་ཡས་དགོན་པ། ཞྭ་ལུ་དགོན་པ། དེ་མིན་དགོན་སྡེ་འབྲིང་ཆུང་མང་པོ་ཚད་གཞི་མི་འདྲ་བའི་ཉམས་གསོ་བྱས་ཡོད། སྤྱི་ལོ1985ལོར་རྒྱལ་ཁབ་ནས་སླར་ཡང་ཆེད་དངུལ་བཏང་ནས་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་ཉམས་གསོ་ཞུས་པ་དང་། སྤྱི་ལོ1988ལོའི་ཟླ12པར་ཉམས་གསོའི་ལས་གྲ་དགོན་སྡེ་ཉམས་གསོའི་ལས་གྲའི་ནང་། མ་དངུལ་གཏོང་མང་ཤོས་དང་། དཀའ་ཚེགས་ཆེ་ཤོས་ནི་མཚན་སྙན་འཛམ་གླིང་ཡོངས་སུ་ཁྱབ་པའི་ཕོ་བྲང་པོ་ཏཱ་ལ་ཡིན་པ་རེད། སྤྱི་ལོ1988ལོའི་ཟླ10པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དངུལ་བཏང་ནས་ཕོ་བྲང་པོ་ཏཱ་ལ་ཉམས་གསོ་བ་རྒྱུའི་གཏན་འབེབས་གནང་བ་མ་ཟད། ཆེད་མངགས་ཉམས་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། རིགས་གཅིག་མཁས་པ་དང་མི་རིགས། ཆོས་ལུགས་མི་སྣ་བཅས་སྒྲིག་འཛུགས་བྱས་ཐོག ཚན་རིག་དང་། སྲོལ་རྒྱུན། མི་རིགས་ཀྱི་ཁྱད་ཆོས། ཆོས་ལུགས་བཅས་ལ་བརྩི་འཇོག་བྱེད་པའི་རྩ་དོན་འོག སྔར་ཡོད་ཁྱད་ཆོས་མི་ཉམས་པ་དང་། ཪྙིང་པ་དེ་ཪྙིང་པ་ལྟར་འཇོག་རྒྱུ་དམིགས་ཡུལ་དུ་བཟུང་ནས། དུས་ཡུན་ལོ་ལྔའི་རིང་གི་ཉམས་གསོའི་ལས་ཀ་བྱེད་འགོ་ཚུགས་པ་རེད། སྤྱི་ལོ1989ལོ་ནས་སྤྱི་ལོ1994ལོའི་བར། རྒྱལ་ཁབ་ནས་སྔ་ཕྱིར་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་ལྔ་ལྷག་ཙམ་དང་དེ་བཞིན་གསེར་དངུལ་སོགས་འབོར་ཆེན་བཏང་བ་དང་སྦྲགས་བོད་རིགས་ལག་ཤེས་བཟོ་པ་དང་དོ་དམ་མི་སྣས་གཙོ་བོ་བྱེད་པ་དང་། ནང་སའི་ཆེད་ལས་ལག་རྩལ་མི་སྣས་མཛུབ་ཁྲིད་བྱེད་པའི་བཟོ་སྐྲུན་ལག་རྩལ་དཔུང་ཁག་སྒྲིག་འཛུགས་བྱས་ཏེ། ཕོ་བྲང་པོ་ཏཱ་ལར་གཙོ་གནད་ཉམས་གསོ་ཐེངས་དང་པོ་བྱས་ཤིང་། དེ་ནི་ཀྲུང་གོའི་རིག་དངོས་སྲུང་སྐྱོབ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་རེད། སྤྱི་ལོ2002ལོའི་ཟླ6པར། ཀྲུང་གོ་གསར་པ་དབུ་བཪྙེས་ཚུན་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གྲ་ཆེ་ཤོས་སྟེ། ཕོ་བྲང་པོ་ཏཱ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་པ་བཅས་གཙོ་གནད་དུ་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཆེན་པོ་གསུམ་ལ་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་ལས་གྲ་དངོས་སུ་འགོ་ཚུགས་པ་དང་། ལས་གྲ་དེར་ཁྱོན་མ་དངུལ་བསྡོམས་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ལྷག་ཙམ་བཏང་བ་དང་། དེའི་ནང་ཕོ་བྲང་པོ་ཏཱ་ལའི་ཉམས་གསོའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ཟིན་གྱི་ཡོད་པ་རེད།

མིག་སྔར། བོད་ལྗོངས་སུ་སྒོ་ཕྱེ་བའི་དགོན་སྡེ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁྱོན་བསྡོམས1700ལྷག་ཙམ་ཡོད་པ་དང་། དགོན་བཞུགས་དགེ་འདུན་པ་ཁྱོན46000ལྷག་ཙམ་ཡོད་པ་རེད། སྤྱི་ལོ1984ལོར། བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཆེད་དངུལ་སྒོར་ལྔ་འབུམ་ པའི་བོད་ཡིག་དུས་དེབ་གཉེར་ནས། ཆེད་མངགས་ནང་རིག་པའི་ཞིབ་འཇུག་དང་དགོན་སྡེའི་ལོ་རྒྱུས་ཞིབ་འཇུག་གི་རྩོམ་ཡིག་བཀོད་པ་མ་ཟད། སྔ་ཕྱིར་ལྡེའུ་ཆོས་འབྱུང་དང་། མྱང་ཆོས་འབྱུང་། ལམ་རིམ་བླ་རྒྱུད་ཀྱི་རྣམ་ཐར། བསྟན་འགྱུར་དཀར་ཆག ཐུའུ་བཀྭན་གྲུབ་མཐའ་སོགས་ཆོས་གཞུང་གསུང་རབ་ལེགས་སྒྲིག་དཔེ་སྐྲུན་བྱས་ཡོད། མིག་སྔར། རྒྱལ་ཁབ་ནས་ད་དུང་མ་དངུལ་ཕོན་ཆེན་བཏང་ནས། གྲགས་ཅན་རིགས་གཅིག་མཁས་པ་དང་རིག་གནས་པ། ནང་རིག་པའི་མཁས་དབང་བཅས་སྒྲིག་འཛུགས་ཀྱིས་བཀའ་བསྟན་འགྱུར་ལ་ཁྱོན་ཡོངས་དང་། གོ་རིམ་ལྡན་པའི་སྒོ་ནས་དཔེ་བསྡུར་ཞུ་དག་མཛད་ཅིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཡག་པོ་བྱུང་ཡོད་པ་རེད།

ད་ཆ་ཆོས་ལུགས་གྲུབ་མཐའ་ཁག་གི་གྲགས་ཅན་དགོན་སྡེ་ཆེ་ཁག་ཚང་མར་ཆོས་གཞུང་སློབ་གཉེར་འཛིན་གྲྭ་ཡོད་པ་དང་། ཆོས་གཞུང་སློབ་གཉེར་འཛིན་གྲྭ་ཁག་གིས་ལོ་ལྟར་ད་དུང་གཞི་ཁྱོན་ཆེ་བའི་ཆོས་འཁྲིད་དང་ཆོས་རྩོད་བྱེད་སྒོ་ཐེངས་མང་སྤེལ་གྱི་ཡོད་པ་རེད། ཆོས་གཞུང་སློབ་གཉེར་གནང་མཁན་དགེ་འདུན་པ་ཚོའི་ཆོས་ལུགས་ཤེས་རྒྱ་མཐོ་རུ་གཏོང་ཆེད། སྤྱི་ལོ1983ལོར་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་བོད་ཀྱི་ནང་བསྟན་སློབ་གླིང་གསར་འཛུགས་གནང་བ་རེད། སྤྱི་ལོ1987ལོའི་ཟླ་༢བར། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་སྐུ་ངོ་མས་པེ་ཅིང་དུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་གནང་བ་མ་ཟད་སློབ་སྤྱིའི་འགན་བཞེས་གནང་བ་རེད། སློབ་གླིང་དེས་སྔ་རྗེས་སུ་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བའི་མཁྱེན་རྒྱ་ཡངས་པའི་བླ་སྤྲུལ་དང་། དགེ་བཤེས་བཅུ་གྲངས་ཁ་ཤས་གདན་དྲངས་ཏེ་སློབ་ཁྲིད་གནང་ཡོད་པ་རེད། རྒྱུན་ལྡན་གྱི་ཆོས་གཞུང་གསུང་རབ་སློབ་སྦྱོང་དང་དེར་ཞིབ་འཇུག་གནང་བའི་ཁར། ལོ་རྒྱུས་ཐོག་དགོན་པས་གཉེར་བའི་ཆོས་ལུགས་ཀྱི་དུས་ཆེན་དང་ཆོས་ལུགས་སྲོལ་རྒྱུན་ཁག་ཀྱང་སླར་གསོ་བྱུང་ཡོད། དཔེར་ན་སྲོལ་རྒྱུན་གྱི་རྟ་ལོར་གངས་རིན་པོ་ཆེ་བསྐོར་བ་དང་། ལུག་ལོར་བྱང་གནམ་མཚོ་བསྐོར་བ། སྟོན་པ་ཤཀྱ་ཐུབ་པར་དྲན་གསོ་ཞུ་བའི་ས་ག་ཟླ་བའི་དུས་ཆེན། དེ་བཞིན་གྲགས་ཅན་དགོན་སྡེའི་གོས་སྐུ་འགྲེམ་པ་སོགས་མང་པོ་ཡོད་པ་རེད།

གཞན་ཡང་། སྲིད་གཞུང་གིས་ཆོག་མཆན་གནང་བ་རྒྱུད་ད་དུང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་སླར་གསོ་བྱས་ཡོད།

སྤྲུལ་སྐུའི་སྐུ་སྐྱེ་ཕེབས་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་རྒྱུན་འཛིན་བྱེད་སྟངས་ཤིག་ཡིན་ཞིང་། དུས་རབས13པར་ཀརྨ་བཀའ་རྒྱུད་པས་སྲོལ་གཏོད་གནང་རྗེས། ཆོས་ལུགས་གྲུབ་མཐའ་ཁག་གིས་སྔ་རྗེས་སུ་དཔེ་བལྟས་ཏེ་སྤྲུལ་སྐུ་ངོས་འཛིན་པས། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཞིག་ཏུ་གྱུར་བ་རེད། སྤྱིལོ1981ལོར་ཀརྨ་བཀའ་རྒྱུད་ཀྱི་ཀརྨ་པ་ཞྭ་ནག་སྐུ་ཕྲེང་བཅུ་དྲུག་པ་ཕྱི་རྒྱལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཞིང་། ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད། ཆོས་ལུགས་ཀྱི་ཆོ་ག་ལྟར་གང་དེའི་ཡང་སྲིད་བཙལ་འཚོལ་དང་གཏན་འཁེལ་གནང་བ་རེད།

བོད་ཀྱི་རྭ་སྒྲེང་དགོན་པའི་རྭ་སྒྲེང་སྤྲུལ་སྐུ་དང་། མཚོ་སྔོན་རོང་དགོན་པའི་ཤར་ཚང་སྤྲུལ་སྐུ་སོགས་ཚང་མ་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་འཁེལ་སྒྲིག་སྲོལ་ལྟར། བཙལ་འཚོལ་དང་ངོས་འཛིན་ནན་ཏན་ཞུས་མཐར་སྲིད་གཞུང་ནས་ཆོག་མཆན་གནང་རྒྱུར་ཕུལ་རྗེས་བླ་མའི་ཁྲི་ལ་འཁོད་ཡོད་པ་རེད། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང། ཁྱད་དུ་འཕགས་པའི་བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་སྤྱི་ལོ1989ལོའི་ཟླ1ཚེས28ཉིན་བོད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྤྱི་ལོ1989ལོའི་ཟླ1ཚེས30ཉིན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་དང་ཡང་སྲིད་གནད་དོན་སྐོར་གཏན་འབེབས་གནང་བ་རེད། ལོ་དྲུག་རིང་ཡང་སྲིད་བཙལ་འཚོལ་ལས་དོན་སྤེལ་བ་བརྒྱུད། སྤྱི་ལོ1995ལོའི་ཟླ11ཚེས29ཉིན། བོད་རྒྱུད་ནང་བསྟན་གྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་འཁེལ་སྒྲིག་སྲོལ་ལ་གཞིགས་ནས་ལྷ་ལྡན་གཙུག་ལག་ཁང་དུ་གསེར་འབུམ་དཀྲུག་འདོན་ཞུས་པ་བརྒྱུད། བོད་བྱང་ཐང་ལྷ་རི་རྫོང་དུ་འཁྲུངས་པའི་དགུང་གྲངས6ལ་ཕེབས་པའི་རྒྱལ་མཚན་ནོར་བུ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་མེད་ལ་ངོས་འཛིན་ཞུས་པ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དམིགས་བསལ་ཆོག་མཆན་གནང་ཏེ། རྒྱལ་མཚན་ནོར་བུ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པར་གཏན་འཁེལ་གནང་བ་རེད། སྤྱི་ཟླ12ཚེས8ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གསེར་ཁྲིར་མངའ་གསོལ་བའི་རྟེན་འབྲེལ་མཛད་སྒོ་དེ་གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་པར་འཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྔར་སྲོལ་ལྟར་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པར་གསེར་གྱི་འཇའ་ས་དང་གསེར་ཐམ་གནང་བ་རེད།

བོད་ལྗོངས་སུ་དགོན་སྡེ་ཁག་ནས་རང་མོས་ངང་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཆོག་པའི་ཁར། རྒྱ་ཆེའི་ཆོས་དད་མང་ཚོགས་ཚོ་ལ་ཡང་ཆོས་ལུགས་བྱེད་སྒོ་སྤེལ་བའི་རང་དབང་ལྡན་ཡོད། ཁོང་ཚོས་རང་ཁྱིམ་དུད་དང་། མཆོད་ཁང་བཟོ་བ་དང་། མཆོད་གཤོམ་སྒྲིག་པ། ཞལ་འདོན་དང་གསོལ་བ་སྨོན་ལམ་འདེབས་པ། ཡང་ན་དགོན་སྡེར་མཆོད་མཇལ་དུ་འགྲོ་བ། རྐྱང་ཕག་འཚལ་བ། སྐུ་འགྱེད་འབུལ་བ། སྨོན་ལམ་ཚོགས་མཆོད་ལ་ཞུགས་པ་སོགས་འདོད་མོས་བཞིན་བྱེད་ཆོག་གི་ཡོད། ཁྱིམ་ཚང་འགའ་རེས་ད་དུང་དགེ་འདུན་པའམ་ཨ་མཆོད་གདན་དྲངས་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་ནས། ཁྱིམ་མི་རྣམས་ཀྱི་རྐྱེན་དང་བར་ཆད་སེལ་བའི་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། བོད་ཀྱི་ལ་རྩེ་དང་། ལམ་འགྲམ་སོགས་གང་སར་རླུང་རྟ་དང་མ་ཎིའི་རྡོ་ཕུང་སོགས་མཐོང་རྒྱུ་ཅིང་། དེ་དག་ཚང་མ་བོད་ཀྱི་ཆོས་དད་རང་མོས་ཀྱི་རྟགས་མཚན་ཞིག་ཡིན།

ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། སྲིད་ཇུས་ཁག་དོན་འཁྱོལ་བྱུང་བ་དང་བསྟུན།སྐབས་ཤིག་རིང་བར་མཚམས་ཆད་པའི་ཆོས་གཞུང་སློབ་གཉེར་ལམ་ལུགས་སླར་གསོ་བྱུང་ཡོད། སེ་འབྲས་དགའ་གསུམ་སོགས་སླར་ཡང་ཆོས་གཞུང་སློབ་གཉེར་གནང་སའི་ལྟེ་བར་གྱུར་ཡོད། ས་གནས་ཁག་ནས་ཀྱང་རིམ་བཞིན་རིམ་པ་ཁག་གི་ནང་བསྟན་སློབ་གླིང་བཙུགས་པ་དང་། དགོན་སྡེ་ཆེ་ཁག་ཏུ་ཡང་སྔ་རྗེས་སུ་ཆོས་ཀྱི་སློབ་གྲྭ་བཙུགས་ནས། ཆོས་གཞུང་སློབ་གཉེར་ལམ་ལུགས་རིམ་བཞིན་སླར་གསོ་བྱུང་བ་དང་། སྔ་རྗེས་སུ་ལོ་ན་གཞོན་ལ་ནང་བསྟན་གྱི་ཤེས་བྱ་ངེས་ཅན་ལྡན་པའི་ཤེས་ལྡན་མི་སྣ་ཁག་ཅིག་གསོ་སྐྱོང་བྱས་ཡོད་པ་རེད། སྐབས་དེ་དུས་ཆོས་གཞུང་སློབ་གཉེར་གནང་བའི་ཁྱད་ཆོས་ནི་ཆོས་གཞུང་སློབ་གཉེར་ལམ་ལུགས་དེ་སྔོན་ཆོས་གྲྭའམ་བཤད་གྲྭའི་རྣམ་པ་ཡིན་པ་ནས་རིམ་བཞིན་སློབ་གླིང་གི་རྣམ་པར་འཕེལ་རྒྱས་ཕྱིན་པ་དེ་རེད། སྤྱི་ལོ1965ལོ་ནས་བར་མཚམས་ཆད་པའི་དགེ་འདུན་པར་དགེ་བཤེས་ཀྱི་སློབ་རིམ་འབུལ་བའི་ལྷ་ལྡན་སྨོན་ལམ་ཆེན་མོ་སྤྱི་ལོ1986ལོ་ནས་སླར་གསོ་བྱེད་འགོ་ཚུགས་པ་རེད། སྤྱི་ལོ1986ལོ་དང་སྤྱི་ལོ1987ལོའི་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་སེ་འབྲས་དགའ་གསུམ་གྱི་དགེ་འདུན17གྱིས་དགེ་བཤེས་ལྷ་རམས་པ་བཏང་ཡོད་པ་རེད། སྤྱི་ལོ1988ལོར། ལྷ་ལྡན་སྨོན་ལམ་ཆེན་མོ་འཚོགས་རིང་། ཁ་བྲལ་རིང་ལུགས་པ་ཉུང་ཤས་ཀྱིས་འགོག་རྐྱེན་དང་། གཏོར་བཤིག་བཏང་ནས། ཟིང་སློང་དོན་རྐྱེན་བསླངས་པ་དང་། སྨོན་ལམ་ཆེན་མོ་རྒྱུན་ལྡན་ལྟར་འཚོགས་རྒྱུར་གཏོར་བཤིག་བཏང་བ། རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་སྲོལ་དཀྲུགས་པ་རེད། དེ་ནས་བཟུང་ལོ་གཅིག་དུས་གཅིག་གི་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་པའི་སྨོན་ལམ་ཆེན་མོ་བར་མཚམས་ཆད་པ་དང་། ལོ་ལྟར་དགེ་བཤེས་ལྷ་རམས་པ་གཏོང་བའི་བྱེད་སྒོ་ཡང་དེས་རྐྱེན་པས་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་བ་རེད།

སྤྱི་ལོ2001ལོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་དམིགས་བསལ་དུ་བོད་རྒྱུད་ནང་བསྟན་གྱི་དགེ་འདུན་པའི་ཆོས་གཞུང་སློབ་གཉེར་དང་སློབ་གནས་སྤོར་བའི་གནད་དོན་གྱི་ཆེད་དོན་ཞིབ་འཇུག་ཞེས་པའི་ཞིབ་འཇུག་དོན་གཞི་ཚོགས་ཆུང་བཙུགས་ནས། བོད་བརྒྱུད་ནང་བསྟན་གྱི་ཆོས་གཞུང་སློབ་གཉེར་དང་དགེ་འདུན་པས་ཆོས་གཞུང་སློབ་གཉེར་གནང་བའི་གནད་དོན་ཐད་ཆེད་དོན་ཞིབ་འཇུག་བྱས་པ་དང་། བོད་རྒྱུད་ནང་བསྟན་གྱི་དགེ་འདུན་པའི་ཆོས་གཞུང་སློབ་གཉེར་དང་སློབ་གནས་སྤོར་བའི་གནད་དོན་གྱི་ཆེད་དོན་ཞིབ་འཇུག་སྙན་ཞུ་ཞེས་པ་ལེགས་གྲུབ་བྱས་པ་རེད། གྲུབ་འབྲས་དེའི་རྨང་གཞི་དེའི་ཐོག སྤྱི་ལོ2002ལོར་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་གནས་སྤྲོད་ཐབས་ཀྱི་ཆེད་དོན་ཞིབ་འཇུག་ཅེས་པའི་ཞིབ་འཇུག་དོན་གཞི་བཙུགས་པ་རེད། ཞིབ་འཇུག་དོན་གཞི་ཚོགས་ཆུང་བོད་རིགས་ས་ཁུལ་ཁག་ཏུ་ཁག་བགོས་ཏེ་བསྐྱོད་ནས་ས་ཆ་དངོས་ལ་བརྟག་དཔྱད་བྱས་པ་དང་། ཡིག་ཆ་འཚོལ་བསྡུ་བྱེད་པ། མི་ཁ་ཤས་ལ་བཅར་འདྲི་ཞུ་བ། བཞུགས་མོལ་ཚོགས་འདུ་ཆུང་གྲས་འཚོགས་པ་སོགས་ཀྱི་རྣམ་པའི་ཐོག་ནས། དགོན་སྡེ་ཆེ་ཁག་དང་ནང་བསྟན་སློབ་གླིང་ཁག་གི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་ཤེས་རྟོགས་བྱས་པ་དང་། བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་གནས་སྤྲོད་ཐབས་ཞེས་པའི་འཆར་ཟིན་བཟོས་པ་རེད། འབྲེལ་ཡོད་སྡེ་ཚན་དང་རིགས་གཅིག་མཁས་པས་ཞིབ་བཤེར་གཏན་འཁེལ་གནང་བརྒྱུད། བྱ་ཐབས་དེ་དངོས་སུ་ལག་བསྟར་བྱས་ཡོད། གྲུབ་འབྲས་དེ་དག་ཚང་མར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་རིགས་གཅིག་མཁས་པ། རིག་གནས་པ་བཅས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད་པ་རེད།

སྤྱི་ལོ2003ལོའི་ཟླ་༢པར་བོད་རང་སྐྱོང་ལྗོངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པར་དགེ་བཤེས་ལྷ་རམས་པའི་སློབ་གནས་སྤྲོད་པ་དོ་དམ་བྱེད་པའི་གནས་སྐབས་བྱ་ཐབས་ཅེས་པ་བཏོན་ཡོད་པ་རེད།

 སྤྱི་ལོ2004ལོའི་ཟླ7པར། སྤྱི་ལོ1987ལོའི་ཚུན་དུ་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་ཡོན་ཚད་མཐོ་ཤོས་དགེ་བཤེས་ལྷ་རམས་པའི་དབར་དུས་རྒྱུགས་ལེན་ཐེངས་དང་པོ་དེ་ལྷ་ལྡན་གཙུག་ལག་ཁང་དུ་སླར་གསོ་བྱས་པ་དང་། ལོ16བར་མཚམས་ཆད་པའི་དགེ་བཤེས་ཀྱི་སློབ་གནས་འབུལ་བའི་ལམ་ལུགས་སླར་ཡང་སླར་གསོ་བྱས་པ་ཁྱབ་བསྒྲགས་གནང་ཡོད།

སྤྱི་ལོ2004ལོའི་ཟླ8ཚེས20ཉིན་ནས་ཚེས22ཉིན་བར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ལྷ་སར་བོད་བརྒྱུད་ནང་བསྟན་གྱི་སློབ་གནས་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་དང་བོད་རྒྱུད་ནང་བསྟན་གྱི་མཐོ་རིམ་སློབ་གནས་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱས་ཤིང་། བླ་སྤྲུལ་སྐྱེས་ཆེན་སོགས27ལས་གྲུབ་པའི་བོད་བརྒྱུད་ནང་བསྟན་གྱི་སློབ་གནས་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་དངོས་སུ་དབུ་བཪྙེས་པ་རེད།

 སྤྱི་ ལོ2004ལོའི་ཟླ9པར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་དངོས་སུ་སློབ་གནས་འཛིན་གྲྭ་གཉེར་འགོ་ཚུགས་པ་དང་།བོད་ལྗོངས་དང་། མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན་སོགས་བོད་ཁུལ་ནས་ཕེབས་པའི་དགེ་འདུན་པ11སྐབས་དང་པོའི་མཐོ་རིམ་སློབ་གནས་འཛིན་གྲྭའི་སློབ་མར་གྱུར་བ་དང་། དེའི་ཐོག་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་སློབ་གནས་གསར་པ་སྟེ། མཐོ་རམས་པ་ཞེས་པའི་སློབ་གནས་ལམ་ལུགས་གསར་དུ་བཙུགས་པ་མཚོན་ཡོད།

སྤྱི་ལོ2005ལོའི་ཟླ6པར། ལྷ་ལྡན་གཙུག་ལག་ཁང་དུ་སྤྱི་ལོ1987ལོའི་ཚུན་གྱི་དགེ་བཤེས་ལྷ་རམས་པའི་སློབ་གནས་ཀྱི་མཐའ་མའི་རྒྱུགས་ལེན་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་ཐེངས་དང་པོ་ཚུགས་པ་དང་། སེ་འབྲས་དགའ་གསུམ་དང་རྭ་སྟོད་དགོན་ནས་ཕེབས་པའི་དགེ་འདུན་པ་དྲུག་རྟགས་གསལ་གཏོང་བའི་རྒྱུགས་ལེན་བྱས་མཐར། དངོས་སུ་དགེ་བཤེས་ལྷ་རམས་པའི་སློབ་གནས་གསར་པ་ཕུལ་བ་རེད།

སྤྱི་ལོ2005ལོའི་ཟླ9ཚེས5ཉིན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་དང་པོའི་མཐོ་རིམ་སློབ་གནས་ཀྱི་སློབ་ཐོན་ཡིག་རྒྱུགས་དེ་མཚོ་སྔོན་གྱི་སྐུ་འབུམ་བྱམས་པ་གླིང་དུ་བཏང་བ་རེད། སློབ་གནས་ལམ་ལུགས་གསར་པའི་ནང་གཏན་འཁེལ་བྱས་པའི་བྱ་ཐབས་ལ་གཞིགས་ཏེ། བོད་རིགས་ས་ཁུལ་ནས་སྐོང་བསྡུ་བྱས་པའི་སྐབས་དང་པོའི་མཐོ་རིམ་སློབ་གནས་འཛིན་གྲྭའི་སློབ་མ11ནས་རྟགས་གསལ་གཏོང་བ་དང་དཔྱད་རྩོམ་གྱི་རྩོད་ལན་གནང་བ་རེད།

སྤྱི་ལོ2005ལོའི་ཟླ10ཚེས12ཉིན་ནས་ཚེས18ཉིན་བར། མཐོ་རིམ་སློབ་གནས་འཛིན་གྲྭའི་རྟགས་གསལ་གཏོང་བ་དང་དཔྱད་རྩོམ་གྱི་རྩོད་ལན་ཐེངས་དང་པོ་དེ་པེ་ཅིང་དུ་གཟབ་རྒྱས་ངང་བྱས་པ་དང་། སློབ་མ11ལ་ཁག་སོ་སོར་མཐོ་རམས་པའི་དགེ་བཤེས་ཀྱི་སློབ་གནས་ཐོབ་ཡོད་པ་རེད།

བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་སློབ་གསོ་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཡོད་པ་དང་། ཆོས་ལུགས་གྲུབ་མཐའ་ཁག་ཚང་མར་སོ་སོའི་ཆོས་གཞུང་སློབ་གཉེར་དང་སློབ་གནས་སྤོར་བའི་བྱ་ཐབས་ཡོད་པ་རེད། བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་སློབ་གནས་ལམ་ལུགས་བཙུགས་པ་དང་ལག་བསྟར་བྱེད་པ་དེས། བོད་རྒྱུད་ནང་བསྟན་ལས་རིགས་ནང་ཕུལ་བྱུང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། བོད་རྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་ཆོས་གཞུང་སློབ་ཁྲིད་བྱ་གཞག་གོང་འཕེལ་དང་སྤེལ་རེས་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པས། ཀྲུང་གོ་གསར་པའི་ཆོས་ལུགས་སྲིད་ཇུས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད་པ་རེད།

ཉེ་ལམ་ལོ་ཤས་རིང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཉིན་རེ་བཞིན་གོང་མཐོར་འགྲོ་བ་དང་། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གོང་འཕེལ་འགྲོ་བའི་དབང་གིས། ཆོས་དད་མང་ཚོགས་ལ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའི་དཔལ་འབྱོར་གྱི་ཆ་རྐྱེན་སྔར་ལས་བཟང་བ་དང་འགྲིམ་འགྲུལ་ཡོ་ཆས་སྔར་བས་སྟབས་བདེ་བ་ཡོད་པ་རེད། ལམ་ཐག་རིང་པོར་གནས་པའི་ཆོས་དད་པས་སྟབས་བདེའི་འགྲིམ་འགྲུལ་ཡོ་ཆས་ལ་བརྟེན་ནས་ལྷ་སའི་འབྲས་སྤུངས་དང་། དགའ་ལྡན། སེ་ར་སོགས་དགོན་པར་མཆོད་མཇལ་དུ་འགྲོ་ཆོག་པས། དེ་ནི་སྔོན་མ་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་རེད། ད་ཆ་ལྷ་སའི་སྐད་གྲགས་ཡོད་པའི་དགོན་སྡེ་ཁག་གི་ནང་། ཕྱོགས་བཞི་མཚམས་བརྒྱད་ནས་གནས་མཇལ་དུ་ཕེབས་མཁན་ཆོས་དད་མང་ཚོགས་རྒྱུན་ཆད་མེད་པ་རེད།

མདོར་ན། ཀྲུང་གོར་སྤྱི་དམངས་ཀྱི་ཆོས་དད་རང་མོས་དབང་ཆར་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཐོབ་ཡོད། བོད་ཀྱི་དགེ་འདུན་པ་དང་ཆོས་དད་མང་ཚོགས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་གང་ལེགས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། བོད་ཀྱི་མི་དམངས་ཚོས་ཆོས་ལ་དད་པ་ཞུ་བ་རྦད་དེ་རང་དབང་གི་ཁོར་ཡུག་ནང་གནས་ཡོད་པ་རེད་། བོད་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་མྱོང་མཁན་ཞིག་ཡིན་ཕྱིན། ཚང་མས་དོན་དངོས་དེ་ཁས་ལེན་མི་ཞུ་ཀ་མེད་དུ་ཡིན་ཞིང་། དེ་ནི་ད་ལྟའི་བོད་ལྗོངས་ཀྱི་གནས་ཚུལ་ངོ་མ་དེ་ཡིན་ནོ།།