ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་སྐོར་གླེང་བ།(ཁག་དང་པོ། )

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན།

ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་སྐོར་གླེང་བ།(ཁག་དང་པོ། ) | ཀྲུང་གོ་བོད་ཀྱི་དྲ་བ།


དུས་རབས་གསར་བར། རང་རྒྱལ་ལ་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་རྣམ་པ་བཟང་པོ་བྱུང་། དེའི་རྒྱུ་མཚན་ཞིག་ནི་རིགས་སོ་སོའི་མི་དམངས་རྣམས་སྔོན་ཆད་ཡུན་རིང་པོའི་དམག་འཁྲུག་དང་ཟིང་འཁྲུག་གི་ལོ་ཟླ་བརྒྱུད་པས། རྒྱལ་ཁབ་རང་བཙན་དང་། མི་རིགས་མཐུན་སྒྲིལ། ཞི་བའི་འཕེལ་རྒྱས་བཅས་ཀྱི་ཐོབ་དཀའ་བའི་རྣམ་པར་རང་བཞིན་གྱིས་ལྡབ་ལྷག་གིས་གཅེས་སྤྲས་བྱས་པའི་རྐྱེན་ཡིན་ལ། རྒྱུ་མཚན་གཞན་ཞིག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་གཞིར་བཟུང་ཞིང་། ཀྲུང་གོའི་གནས་ཚུལ་ལ་དམིགས་ནས། མི་རིགས་ཆོས་ལུགས་ཐད་ཀྱི་གནད་དོན་ཐག་གཅོད་ཡང་དག་བྱེད་པའི་གཞུང་ལུགས་དང་སྲིད་ཇུས་ཆ་ཚང་ཞིག་ཆགས་པར་བྱས་པ་མ་ཟད། ལྷག་བསམ་ཟོལ་མེད་ཀྱིས་དེ་ལག་བསྟར་བྱས་ཏེ། རིགས་སོ་སོའི་མི་དམངས་ཀྱི་སྲུང་སྐྱོབ་དང་རྒྱབ་སྐྱོར་ཐོབ་པའི་རྐྱེན་རེད། འཛམ་གླིང་གི་རྒྱལ་ཁབ་གཞན་པ་དག་དང་བསྡུར་ན། ང་ཚོས་མི་རིགས་ཆོས་ལུགས་གནད་དོན་ཐག་བཅད་པ་ཧ་ཅང་ལེགས་འགྲུབ་ཡིན་ལ། དེ་ནི་ང་ཚོ་དགའ་འོས་པ་ཞིག་ཀྱང་རེད། དོན་དངོས་ལས་ང་ཚོའི་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ནི་ཧ་ཅང་ཡང་དག་ཡིན་པ་ར་སྤྲོད་བྱས་ཡོད་ལ། ཡང་དག་པའི་སྲིད་ཇུས་དང་ལམ་ལུགས་དེ་དག་གིས་རང་རྒྱལ་གྱི་མི་རིགས་ཀྱི་མཐུན་སྒྲིལ་དང་ཆོས་ལུགས་ཀྱི་བརྟན་འཇགས་ལ་ཁག་ཐེག་བྱས་པ་དང་། མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་བགྲོད་ལམ་སྟེང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་ཁག་ཐེག་བྱས་ཤིང་། ང་ཚོ་མི་རིགས་མང་པོའི་རྒྱལ་ཁབ་ཀྱི་ཆབ་སྲིད་གཅིག་གྱུར་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་འཇགས་བཅས་ལ་ཁག་ཐེག་བྱས་ཡོད། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་འོག་ལོ་ངོ་བརྒྱད་ཅུ་ལྷག་གི་རིང་ལ་འཚོལ་ཞིབ་དང་ལག་ལེན་བྱས་ཏེ་གྲུབ་པའི་ཀྲུང་གོའི་མི་རིགས་ཆོས་ལུགས་ཀྱི་གནས་ཚུལ་དང་། མི་རིགས་ཆོས་ལུགས་ཀྱི་འབྲེལ་བ། མི་རིགས་ཆོས་ལུགས་ཀྱི་གནད་དོན་བཅས་ཐད་ཀྱི་གཞི་རྩའི་ལྟ་བ་དང་གཞི་རྩའི་ལངས་ཕྱོགས། གཞི་རྩའི་ཉམས་མྱོང་བཅས་དང་། དེའི་རྨང་གཞིའི་སྟེང་བཏོན་པའི་མི་རིགས་ཆོས་ལུགས་གནད་དོན་ཐག་གཅོད་པའི་ཐབས་ལམ་ཡིན། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རབས་འགའི་མགོ་ཁྲིད་ཐུན་མོང་དང་རབས་འགའི་གུང་ཁྲན་ཏང་མིའི་ཐུན་མོང་གི་བློ་གྲོས་ཀྱི་ཉིང་བཅུད་དང་། ང་ཚོའི་ཏང་གི་རྒྱུ་ནོར་རྩ་ཆེན་ཡིན་ལ། ང་ཚོས་མི་རིགས་ས་ཁུལ་གྱི་བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་པའི་རྩ་བའི་ཁག་ཐེག་ཀྱང་ཡིན།

ཁག་དང་པོ། རང་རྒྱལ་གྱི་མི་རིགས་སྤྱིར་བཤད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྟེང་ཕུལ་བའི་སྙན་ཞུའི་ནང་དུ། མི་རིགས་ཀྱི་བྱ་བ་བཟང་པོར་སྒྲུབ་པ་དེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱ་བསྐྱེད་པ་དང་། མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ནང་དོན་གལ་ཆེན་དུ་བཞག་ཡོད། སྙན་ཞུ་ལས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད་ལ། སྙན་ཞུ་ལས་མི་རིགས་ཀྱི་འབྲེལ་བ་སོགས་འབྲེལ་བ་ཆེན་པོ་ལྔ་འཆམ་མཐུན་ཡོང་བར་བྱེད་པ་དེ་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་དང་སྟོབས་ཤུགས་གཅིག་བསྡུ་བྱེད་པར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ལྡན་ཞེས་ནན་གྱིས་བསྟན་ཡོད། སྙན་ཞུ་ལས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་བརྗོད་བྱ་གཙོ་བོ་ཁོང་དུ་ཆུད་པར་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ་དང་། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་དུ་གཏོང་བའི་དུས་སྐབས་གསར་བའི་མི་རིགས་བྱ་བའི་སྤྱིའི་རེ་བ་འདི་བཏོན་ནས། མི་རིགས་བྱ་བར་ཁ་ཕྱོགས་གསལ་བོ་བསྟན་ཏེ། མི་རིགས་འབྲེལ་བ་སྔར་ལས་འཆམ་མཐུན་ཡོང་བའི་རྣམ་པ་གསར་བ་བསྐྲུན་པར་གཞུང་ལུགས་དང་བསམ་བློའི་རྨང་གཞི་བརྟན་པོ་བཏིངས་ཡོད།

1. ཀྲུང་གོ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན།

ཀྲུང་གོ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། གནའ་ནས་ད་བར་དུ་ཀྲུང་གོའི་མངའ་ཁོངས་སྟེང་བཅའ་སྡོད་བྱས་པའི་མི་རིགས་ཀྱི་སྤྱི་མིང་ལ་ཀྲུང་ཧྭ་མི་རིགས་ཟེར། ད་བར་དུ་གཏན་ཁེལ་བྱས་ཟིན་པ་མ་ཟད་ཀྲུང་དབྱང་སྲིད་གཞུང་གིས་ཁས་བླངས་པའི་མི་རིགས་ལྔ་བཅུ་ང་དྲུག་ཡོད། རྒྱ་རིགས་ལས་གཞན་པའི་མི་རིགས་ང་ལྔའི་མི་གྲངས་རྒྱ་རིགས་དང་བསྡུར་ན་ཅུང་ཉུང་བས། གོམས་སྲོལ་ལྟར་ན་གྲངས་ཉུང་མི་རིགས་ཞེས་འབོད། ཉིས་སྟོང་ལོའི་རྒྱལ་ཡོངས་ཀྱི་མི་གྲངས་ཁྱབ་བཤེར་ཐེངས་ལྔ་བ་ལྟར་ན། ཀྲུང་གོའི་ནང་ལོགས་སུ་མི་གྲངས་དུང་ཕྱུར་བཅུ་གཉིས་དང་བྱེ་བ་དྲུག་ས་ཡ་ལྔ་ཡོད་ལ། དེའི་ནང་དུ་རྒྱ་རིགས་ཀྱི་མི་གྲངས་དུང་ཕྱུར་བཅུ་གཅིག་དང་བྱེ་བ་ལྔ་ས་ཡ་དགུ་ཡོད་པ་དང་། གྲངས་ཉུང་མི་རིགས་ང་ལྔའི་མི་གྲངས་དུང་ཕྱུར་གཅིག་དང་ས་ཡ་དྲུག་ཡོད། ཀྲུང་གོའི་མི་རིགས་སོ་སོའི་ཁྱབ་ཚུལ་གྱི་ཁྱད་ཆོས་ནི། རིགས་མང་པོ་འདུས་སྡོད་བྱེད་པ་དང་འདུས་སྡོད་ཀྱི་གཞི་ཁྱོན་ཆུང་བ། ཕན་ཚུན་མཉམ་དུ་འདྲེས་ནས་འདུག་པ་བཅས་རེད། རྒྱ་རིགས་ས་ཁུལ་དུ་གྲངས་ཉུང་མི་རིགས་བསྡད་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་རྒྱ་རིགས་བསྡད་ཡོད །ཁྱབ་ཚུལ་གྱི་རྣམ་པ་དེ་ནི་ལོ་རྒྱུས་རིང་པོའི་འཕེལ་རིམ་ཁྲོད་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་། གནས་སྤོར། འགྲོ་རྒྱུགས་བཅས་བྱས་ཏེ་གྲུབ་པ་རེད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཉུང་ན་ཡང་ཁྱབ་རྒྱ་ཧ་ཅང་ཆེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་ཚང་མ་ན་གྲངས་ཉུང་མི་རིགས་བསྡད་ཡོད་ལ། རྫོང་རིམ་པའི་ལས་ཁུངས་མང་ཆེ་ཤོས་སུ་མི་རིགས་གཉིས་ཀྱི་ཡན་ཡོད། ད་ལྟ་ཀྲུང་གོའི་གྲངས་ཉུང་མི་རིགས་གཙོ་བོ་ནང་སོག་དང་ཞིན་ཅང་། ཉིན་ཞ། ཀོང་ཞི། བོད་ལྗོངས། ཡུན་ནན། ཀོས་ཀྲིག མཚོ་སྔོན། ལེའོ་ཉིན། ཅི་ལིན། ཧི་པེ། ཧུའུ་ནན། ཧུའུ་པེ། ཧེ་ནན། ཁྲུང་ཆིན། ཐེ་ཝན་སོགས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་སུ་ཁྱབ་ཡོད།

ད་ལྟ་རང་ཞིང་ལ་མི་རིགས་ཀྱི་གྲུབ་ཆ་ཞེ་གསུམ་ཡོད་པ་དང་། སྤྱིའི་མི་གྲངས་ས་ཡ་ལྔ་དང་འབུམ་ལྔ་ཡོད་། དེའི་ནང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ས་ཡ་གཉིས་དང་འབུམ་བཞི་ཁྲི་དྲུག་ཡོད་པ་དང་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་ཞེ་ལྔ་ཟིན་ཡོད།

2. ཀྲུང་ཧྭའི་མི་རིགས་སོ་སོས་མཉམ་དུ་མེས་རྒྱལ་གྱི་ལོ་རྒྱུས་དང་རིག་གནས་བསྐྲུན་པ་རེད།

ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་རིང་པོའི་ཁྲོད་དུ། ཀྲུང་ཧྭ་མི་རིགས་ཀྱིས་མཉམ་དུ་མེས་རྒྱལ་གྱི་མཐའ་ཡས་པའི་མངའ་ཁོངས་གསར་སྤེལ་བྱས་པ་དང་། མེས་རྒྱལ་གྱི་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱས་ཏེ། མཉམ་དུ་མེས་རྒྱལ་གྱི་ཡུན་རིང་པོའི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་བསྐྲུན། གནའ་བོའི་ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་ཞཱ་དང་ཧྲང་། ཀྲིག་ནས་ཁྲུན་ཆིག་ཀྲན་གོའི་དུས་སྐབས་དང་། ཆིན་དང་ཧན་རྒྱལ་རབས་བར་གྱི་ལོ་རྒྱུས་ཀྱི་དུས་སྐབས་རིང་པོར། ཧྭ་ཞཱ་དང་མེའོ་མན་སོགས་རིགས་མང་པོས་རྨ་ཆུའི་བཞུར་རྒྱུད་དང་། འབྲི་ཆུའི་བཞུར་རྒྱུད། ཤར་ཕྱོགས་མཚོ་འགྲམ་ས་ཁུལ་བཅས་གསར་སྤེལ་བྱས་པ་དང་། མི་རིགས་གཞན་པ་སོ་སོས་མཐའ་མཚམས་ཀྱི་ས་ཁུལ་མཐའ་ཡས་པ་གསར་སྤེལ་བྱས། སུའུ་ཧྲིན་དང་ཏུང་ཧུའུ། ཞན་པེ། ཞུན་ནུའུ། ཏིས་སོགས་རིགས་ཀྱིས་ཤར་ཕྱོགས་ས་ཁུལ་དང་སོག་པོའི་རྩྭ་ཐང་། ཧྭ་པེ་བྱང་ཕྱོགས་ཀྱི་རྒྱ་ཆེའི་ས་ཁུལ་གསར་སྤེལ་བྱས་པ་དང་། རོང་དང་འཇང་། ཧྲི་སོགས་རིགས་ཀྱིས་མདོ་དབུས་མཐོ་སྒང་གསར་སྤེལ་བྱས་ལ། བུའུ་སུན་དང་ཡེའོ་ཀྲིས།སད་ཀྲུང་སོགས་རིགས་ཀྱིས་ད་ལྟའི་ཞིན་ཅང་དང་དེའི་ནུབ་ཕྱོགས་ཀྱི་ས་ཁུལ་ཆེན་པོ་གསར་སྤེལ་བྱས། ཕུའུ་དང་ཡེའོ་སོགས་རིགས་ཀྱིས་འབྲི་ཆུའི་དབུས་སྨད་ལྷོ་ཕྱོགས་ཀྱི་ས་ཁུལ་གསར་སྤེལ་བྱས་པ་དང་། ལྷོ་ནུབ་ཀྱི་རིགས་སོ་སོས་ལྷོ་ནུབ་ཀྱི་མཐའ་མཚམས་ས་ཁུལ་རྒྱ་ཆེན་པོ་གསར་སྤེལ་བྱས། རྗེས་སུ་གྲངས་ཉུང་མི་རིགས་སྔར་ལས་མང་པོས་བསྟུད་མར་མེས་རྒྱལ་གསར་སྤེལ་གྱི་ལོ་རྒྱུས་ཁྲོད་བྱས་རྗེས་བཞག དཔེར་ན་ཁྲིས་ལི་དང་ཐུ་བྷོད། ཐུའུ་ཅེའོ། ཧོས་ཧི། ཆི་ཏན། ཏང་ཞང་། ནུའུ་ཀྲིན། སོག་པོ། ཁྲའོ་ཞན་སོགས་མི་རིགས་ཧ་ཅང་མང་། ཀྲུང་གོ་ཆིན་དང་ཧན་རྒྱལ་རབས་ཀྱི་སྐབས་སུ་གཅིག་གྱུར་གྱི་རྒྱལ་ཁབ་ཏུ་གྱུར་རྗེས་ཀྱི་ལོ་ངོ་སྟོང་གཉིས་ལྷག་གི་རིང་དང་།ལྷག་པར་དུ་ཧན་དང་ཐང་། ཡོན། མེན། ཆིང་བཅས་རྒྱལ་རབས་སོ་སོའི་འབད་བརྩོན་བརྒྱུད་དེ། རྒྱལ་ཁབ་ཀྱི་གཅིག་གྱུར་ལས་དོན་རྒྱུན་ཆད་མེད་པར་གོང་འཕེལ་དང་སྲ་བརྟན་དུ་སོང་། ལྷག་ཏུ་ཉེ་རབས་ཀྱི་རྗེས་སུ། ཀྲུང་གོ་མི་སེར་སྤེལ་ཡུལ་ཕྱེད་ཀ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཀ་རུ་གྱུར་ནས། ཀྲུང་ཧྭ་མི་རིགས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་གཉའ་གནོན། བརྙས་བཅོས་བཅས་མྱངས་ཏེ།ག ཉའ་གནོན་མྱོང་བའི་མི་རིགས་སུ་གྱུར་ན་ཡང་། རྒྱལ་ཁབ་ཀྱི་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་ལ་སྲུང་སྐྱོབ་བྱེད་ཆེད། མི་རིགས་སོ་སོས་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་ཕྱིའི་བཙན་འཛུལ་ལ་བཀག་འགོག་བྱས་ཏེ། བཙན་འཛུལ་བ་དང་མི་རིགས་ཁ་བྲལ་རིང་ལུགས་པར་གཡོ་མེད་འགྱུར་མེད་ཀྱི་འཐབ་རྩོད་བྱས་པ་དང་། ཀྲུང་གོའི་མི་རིགས་སོ་སོས་མཐུན་སྒྲིལ་མཉམ་ལས་བྱས་ཏེ། མཉམ་དུ་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱས།

རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་གཅིག་གྱུར་གྱི་མི་རིགས་མང་བའི་ཀྲུང་གོ་མཉམ་དུ་གསར་འཛུགས་དང་གོང་སྤེལ། འཛུགས་སྐྲུན་བཅས་བྱེད་པའི་ལོ་རྒྱུས་རིང་པོའི་ཁྲོད་དར་རྒྱས་ཆེ་བའི་དཔལ་འབྱོར་དང་འོད་སྟོང་འབར་བའི་རིག་གནས་བསྐྲུན་ཡོད། ཐོག་མར་གྲངས་ཉུང་མི་རིགས་སོ་སོས་རང་གི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་ལག་རྩལ་བཀོལ་ནས། སྲོལ་རྒྱུན་གྱི་དངོས་པོའི་རིག་གནས་གསར་སྐྲུན་བྱས་ཏེ། མེས་རྒྱལ་གྱི་དཔལ་འབྱོར་སྣ་མང་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་བཏོན་ཡོད་དེ། ཕྱུགས་ལས་ཐོན་སྐྱེད་ཀྱི་ཕྱོགས་ནས་བཤད་ན། ཕྱུགས་ལས་གཉེར་བའི་གྲངས་ཉུང་མི་རིགས་མང་པོས་ཐོག་མར་རྒྱུད་བཟང་ཕྱུགས་རིགས་མང་པོ་གསོས་ཏེ། རྟ་གསོ་བའི་ལག་རྩལ་དང་རྐྱ་རྩལ། རྟ་དང་བོང་བུ། དྲེལ་སོགས་ཕྱུགས་རིགས་རྒྱའི་ས་ཆར་བསྐྱལ་བ་རེད། ཞིང་ལས་ཐོན་སྐྱེད་ཀྱི་ཕྱོགས་ནས་བཤད་ན། གནའ་བོའི་གྲངས་ཉུང་མི་རིགས་ཁ་ཤས་ཀྱིས་སྔ་མོ་ནས་ཞིང་ལས་ལོ་ཏོག་མང་པོ་འདེབས་པའི་ལག་རྩལ་ཤེས་ཡོད་དེ། དཔེར་ན་ཆུ་འབྲས་འདེབས་པའི་ལག་རྩལ་ནི་གནའ་བོའི་ལྷོ་ཕྱོགས་ཀྱི་ཡེའི་མིས་གསར་གཏོད་བྱས་པ་དང་། ཞིན་ཅང་ས་ཁུལ་གྱི་རིགས་སོ་སོས་ཆིན་དང་ཧན་གྱི་དུས་སྐབས་ནས་བཟུང་འབྲུ་རིགས་སྣ་ལྔ་དང་གཙོ་མ། རྒུན་འབྲུམ་སོགས་ལོ་ཏོག་མང་པོ་འདེབས་ཤེས། གྲངས་ཉུང་མི་རིགས་ཁ་ཤས་ཀྱིས་གནའ་ནས་ཅུང་དར་རྒྱས་ཆེ་བའི་ལག་ཤེས་བཟོ་ལས་ཤེས་ཏེ། འཁེལ་འཐག་ལག་རྩལ་ནི་ལིས་རིགས་ས་ཁུལ་ནས་རྒྱ་རིགས་ས་ཁུལ་ལ་དར་བ་རེད། དེས་མི་ཚད་གྲངས་ཉུང་མི་རིགས་སོ་སོས་རང་གི་ཁྱད་ཆོས་ལྡན་པའི་བསམ་པའི་རིག་གནས་གསར་གཏོད་བྱས་ཏེ། མེས་རྒྱལ་གྱི་རིག་གནས་བང་མཛོད་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། གྲངས་ཉུང་མི་རིགས་སོ་སོས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་གསར་རྩོམ་བྱས་ཡོད་དེ། དཔེར་ན་བོད་ཀྱི་གེ་སར་རྒྱལ་པོའི་སྒྲུང་དང་སོག་རིགས་ཀྱི་ཅང་གུར། ཁི་ཨར་ཁི་ཙི་རིགས་ཀྱི་མ་ན་སི་བཅས་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་གསུམ་ལྟ་བུ་རེད། གྲངས་ཉུང་མི་རིགས་སོ་སོར་ད་དུང་ཐུན་མིན་ཁྱད་ཆོས་ལྡན་པའི་རོལ་མོ་དང་ཞབས་བྲོ། རོལ་དབྱངས་དང་ཟློས་གར་སོགས་ཡོད།

3. མི་རིགས་སོ་སོའི་འཕེལ་རྒྱས་དོ་མཉམ་མིན།

ལོ་རྒྱུས་དང་རང་བྱུང་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་གྱི་དབང་གིས་རང་རྒྱལ་གྱི་མི་རིགས་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དོ་མཉམ་མིན་ལ།ཐ་ན་མི་རིགས་གཅིག་གི་ས་ཁུལ་མི་འདྲ་བའི་བར་གྱི་འཕེལ་རྒྱས་ཀྱང་དོ་མཉམ་མིན།སྤྱིར་བཏང་གིས་བཤད་ན་རྒྱ་རིགས་ས་ཁུལ་གྱི་འཕེལ་རྒྱས་ཆུ་ཚད་ཅུང་མཐོ།ཀྲུང་གོ་གསར་བ་དབུ་མ་བརྙེས་གོང་།རང་རྒྱལ་ལ་དར་རྒྱས་ཆེ་བའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་ལས་དཔལ་འབྱོར་ཡོད་པ་མ་ཟད།ཉེ་རབས་མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་ཀྱང་གོང་འཕེལ་ངེས་ཅན་བྱུང་ཡོད།རྒྱ་རིགས་དང་མཉམ་སྡོད་བྱས་པའི་གྲངས་ཉུང་མི་རིགས་དང་།རྒྱ་རིགས་ཀྱི་སྡོད་ཁུལ་དང་འབྲེལ་ཞིང་འདྲེས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁ་ཤས་ཀྱི་དཔལ་འབྱོར་རྒྱ་རིགས་ས་ཁུལ་གྱི་ཆུ་ཚད་ལ་ཐོན་ཡོད་པ་དང་ཡང་ན་ཉེ་ཡོད།ཡིན་ནའང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་མང་ཆེ་ཤོས་ད་དུང་མ་རྩ་རིང་ལུགས་སྤྱི་ཚོགས་སྔོན་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་དུ་གནས་ཡོད་པ་དང་།ལ་ལ་ད་དུང་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ཡིན་ལ།འགའ་ཞིག་བྲན་གཡོག་ལམ་ལུགས་ཡིན།ཁ་ཤས་ལ་ཐ་ན་ད་དུང་གདོད་མའི་སྤྱི་ཚོགས་ཀྱི་ངོ་བོ་ཆེན་པོ་ཡོད་ལ།དེ་དང་མཉམ་དུ་སྤྱི་ཚོགས་དང་དཔལ་འབྱོར་གྱི་རྣམ་པ་མང་པོ་གནས་ཡོད།ཀྲུང་གོ་གསར་བ་དབུ་བརྙེས་རྗེས།རྒྱལ་ཁབ་ཀྱི་རོགས་སྐྱོར་འོགགྲངས་ཉུང་མི་རིགས་སོ་སོ་རིགས་མི་འདྲ་བའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་ནས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་བསྐྱོད་དེ།སྤྱི་ཚོགས་ལམ་ལུགས་ཀྱི་འཕུར་སྐྱོད་མངོན་འགྱུར་བྱས་པས།གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་།ཡིན་ནའང་སྤྱིར་བཏང་གིས་ལོ་རྒྱུས་དང་རང་བྱུང་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་གྱི་དབང་གིས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དང་རིག་གནས་གོང་འཕེལ་གྱི་ཆུ་ཚད།མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་བཅས་ལྟོས་ས་བལྟས་འཇོག་གིས་རྗེས་ལུས་ཡིན་པའི་གནས་ཚུལ་དེ་རྩ་བ་ནས་ད་དུང་བསྒྱུར་མེད་ལ།རྒྱལ་ཡོངས་ཀྱི་ཆ་སྙོམས་འཕེལ་རྒྱས་ཆུ་ཚད་དང་བསྡུར་ན་ད་དུང་བར་ཐག་ཅུང་ཆེ་བས།གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་བར་གྱི་བར་ཐག་ཇེ་ཆུང་ལ་བཏང་ནས།མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བ་དེ་ནི་སྔར་བཞིན་ཡུན་རིང་གི་ལས་འགན་ཞིག་ཡིན།

4. མི་རིགས་སོ་སོར་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་ཡོད།

རང་བྱུང་དང་སྤྱི་ཚོགས་ཁོར་ཡུག་མི་འདྲ་བའི་དབང་གིས་རང་རྒྱལ་གྱི་མི་རིགས་སོ་སོར་རང་གི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་ཡོད་ལ།དེ་ཐོན་སྐྱེད་དང་འདུག་སྡོད།བཟའ་བཏུང་།རྒྱན་གོས།གཉེན་སྲོལ།དུར་འཇུགདུས་ཆེན།རོལ་རྩེད།གུས་ལུགས།འཛེམ་བྱ་སོགས་ཕྱོགས་མང་པོ་ནས་མཚོན།དཔེར་ན་འདུག་སྡོད་ཀྱི་ཕྱོགས་ནས་རང་རྒྱལ་གྱི་བྱང་ཕྱོགས་ལ་གྲང་ངར་ཅུང་ཆེ་ཞིང་རླུང་འཚུབ་མང་བས།ས་དེའི་རོང་ཕྱོགས་ཀྱི་གྲངས་ཉུང་མི་རིགས་རྣམས་ས་དང་ཤིང་དང་།རྡོ་དང་ཤིང་གིས་གྲུབ་པའི་ཁང་པའི་ནང་བསྡད་ཡོད་པ་དང་།ཁང་པ་དམའ་ཞིང་ཅུང་གསེག་ཡོད་པས།དྲོད་ལེན་པ་དང་རླུང་འགོག་པར་ཕན།ལྷོ་ཕྱོགས་ས་ཁུལ་ལ་ཚ་བ་ཆེ་ཞིང་ཆར་ཆུ་མོད་པས།གྲངས་ཉུང་མི་རིགས་ཀྱི་སྡོད་ཁང་མང་ཆེ་ཤོས་སྨྱུག་མས་ལས་པའི་ཉིས་བརྩེགས་ཅན་གྱི་ཁང་པ་ཡིན་ལ།ཁང་པ་མཐོ་བས་ནང་དུ་སེར་བུ་རྒྱག་ལ་བསིལ་མོ་ཡིན།འཚོ་བའི་གོམས་གཤིས་ཕྱོགས་ནས་ཀྱང་མི་རིགས་སོ་སོར་ཁྱད་པར་ཡོད།རྒྱན་གོས་ཀྱི་ཕྱོགས་ནས་ས་ཁུལ་མི་འདྲ་བ་ན་འཚོ་བ་རོལ་བཞིན་པའི་མི་རིགས་སོ་སོའི་རྒྱན་གོས་ཀྱི་རྣམ་པ་དང་གདམ་གསེས།འཚེམ་བཟོ་སོགས་ཀྱི་བཟོ་རྩལ་མི་འདྲ་སྟེ།བྱང་ཕྱོགས་ཀྱི་མི་རིགས་མང་པོས་ཀོ་བ་དང་བལ་གྱི་ལྭ་རིང་དང་ལྷམ་རིང་གོན་ཞིང་།ལྷོ་ཕྱོགས་ཀྱི་མི་རིགས་ཀྱིས་ཕུ་ཐུང་གི་སྟོད་ལྭ་དང་རྐང་ཐུང་།སྨད་གཡོགས་ཐུང་ངུ་བཅས་གོན་པ་ཡིན།

མདོར་ན།མཛེས་སྡུག་ཡིད་དུ་འོང་བའི་མི་རིགས་ཀྱི་རྒྱན་གོས་དང་།ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པའི་མི་རིགས་ཀྱི་བཟའ་བཏུང་།ལྷ་ཡི་བཟོ་རྩལ་ལ་འགྲན་པའི་མི་རིགས་ཀྱི་བཟོ་བཀོད།སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་དུས་ཆེན་སོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྣང་བརྙན་གསལ་བོར་མཚོན་ཡོད།རང་རྒྱལ་གྱི་གྲངས་ཉུང་མི་རིགས་མང་ཆེ་ཤོས་ལ་ཆོས་ལུགས་ཀྱི་དད་མོས་ཡོད་པ་དང་།དད་མོས་བྱེད་པའི་ཆོས་ལུགས་ལ་གཙོ་བོ་ནང་བསྟན་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས།གནམ་བདག་ཆོས་ལུགས།ཡེ་ཤུའི་ཆོས་ལུགས་སོགས་ཡོད་ལ།ད་དུང་གྲངས་ཉུང་མི་རིགས་ཁ་ཤས་ཀྱིས་གདོད་མའི་ཆོས་ལུགས་ལ་དད་མོས་བྱེད།དེའི་ནང་བོད་དང་སོག་པོ།ཧོར།ཡུས་ཀུའུ།མོན་པ།ལྷོ་པ།ཆཱང་།ན་ཞི།ཕུའུ་མིས་སོགས་རིགས་ཀྱི་མི་ཕལ་ཆེ་བས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་མོས་བྱེད་པ་དང་།དེ་དག་གཙོ་བོ་བོད་ལྗོངས་དང་མཚོ་སྔོན།ཀན་སུའུ།ཟི་ཁྲོན།ནང་སོགཡུན་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་གནས་ཡོད།ཏའེ་རིགས་དང་ཨ་ཁྲང་རིགས།ཏི་ཨང་རིགས།བཱ་རིགས།པུའུ་ལང་རིགས་སོགས་ཀྱིས་ལྷོ་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་མོས་བྱེད་པ་དང་།དེ་དག་གཙོ་བོ་ཡུན་ནན་ཞིང་ཆེན་དུ་གནས་ཡོད།ཧོས་རིགས་དང་ཡུ་གུར་རིགས།ཧ་སག་རིགས།ཏུང་ཞང་རིགས།ཟ་ལར་རིགས།པའོ་ཨན་རིགས།ཁི་ཨར་ཁི་ཙི་རིགས།ཐ་ཐ་ཨར་རིགས་བཅས་ཀྱི་མི་ཕལ་ཆེ་བས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད།ཡུན་ནན་གྱི་ལ་ཧུའུ་རིགས་ཀྱིས་རྒྱ་བརྒྱུད་ནང་བསྟན་ལ་དད་མོས་བྱེད།ཨུ་རུ་སི་རིགས་ཀྱི་མི་སྐོར་ཞིག་གིས་དངོས་བརྒྱུད་ཡེ་ཤུ་ཆོས་ལུགས་ཤར་པ་ལ་དད་མོས་བྱེད།ཀྲུང་གོ་གསར་བ་དབུ་མ་བརྙེས་པའི་སྔོན་ལ་ལིས་སུའུ་རིགས་དང་ནུའུ་རིགས།པུའུ་དབྱི་རིགས།ཅིན་རིགས།ཁྲའོ་ཞན་རིགས།མེའོ་རིགས།ལ་ཧུའུ་རིགས།ཅིན་ཕོ་རིགས།ཨ་ཁྲང་རིགས།ཏུའུ་ལུང་རིགས།དབྱི་རིགས་སོགས་མི་རིགས་ཀྱི་ཁྲོད་དུ།མི་སྐོར་ཞིག་གིས་ཡེ་ཤུ་ཆོས་ལུགས་དང་ཡང་ན་གནམ་བདག་ཆོས་ལུགས་ལ་དད་མོས་བྱེད་པ་དང་།ཨིག་ལུན་ཁྲུན་རིགས་དང་ཨིག་བུན་ཁི་རིགས།ཧོ་ཀྲིག་རིགས།ཞི་པོ་རིགས།མན་ཇུ་རིགས།ཏ་བོ་ཨར་རིགས་བཅས་ཀྱི་ཁྲོད་དུ།མི་སྐོར་ཞིག་གིས་ས་མཎ་ཆོས་ལུགས་ལ་དད་མོས་བྱེད།ཡུན་ནན་གྱི་ན་ཞི་རིགས་ཀྱི་ཁྲོད་དུ་ད་དུང་སྟོན་པའི་ཆོས་ལུགས་ལ་དད་མོས་བྱེད་པའི་སྲོལ་ཡོད།ཅིན་རིགས་དང་།མུའུ་ལའོ་རིགས།པའེ་རིགས།དབྱི་རིགས་བཅས་ཀྱི་ཁྲོད་དུ་མི་ལ་ལས་ད་དུང་ཏའོ་ཅའོ་ཆོས་ལུགས་ལ་དད་མོས་བྱེད།དེས་མི་ཚད་ཀྲོང་རིགས་དང་པུའུ་དབྱི་རིགས།ཏུང་རིགས།ཡའོ་རིགས།ཧ་ཉི་རིགས།ཧྲོས་རིགས་སོགས་མི་རིགས་ལ་ཆོས་ལུགས་ཀྱི་དད་མོས་ཆ་ཚང་ཞིག་མེད་པས།མི་ལ་ལས་ད་དུང་གདོད་མའི་ལྷ་མང་དད་མོས་ཀྱི་སྲོལ་བཟུང་ཡོད།

5. རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས།རང་རྒྱལ་གྱི་མི་རིགས་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་།དེ་ནི་ཏིན་ཞའོ་ཕེན་གྱིས1979ལོར་དུས་སྐབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ཀྱི་ལས་འགན་ཞེས་པའི་གསུང་རྩོམ་ཞིག་གི་ནང་དུ།“རང་རྒྱལ་གྱི་སྤུན་ཟླའི་མི་རིགས་སོ་སོ་དམངས་གཙོའི་བཅོས་སྒྱུར་དང་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བརྒྱུད་རྗེས།སྔོན་ནས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་དེ།སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྒྲིལ་མཛའ་གཅུགས་དང་རོགས་རེས་མཉམ་ལས་ཀྱི་མི་རིགས་ཀྱི་འབྲེལ་བ་གསར་བ་ཆགས་ཡོད་ལ།མི་རིགས་སོ་སོ་དང་ཆོས་ལུགས་སོ་སོའི་རྒྱལ་གཅེས་མི་སྣ་དག་གོང་འཕེལ་ཆེན་པོ་བྱུང་ཡོད།དེང་རབས་ཅན་བཞི་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད།མི་རིགས་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་གཅིག་གྱུར་རང་བཞིན་སྔར་ལས་གོང་འཕེལ་དུ་འགྲོ་ཐུབ་པ་དང་།མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་མོ་སྔར་ལས་སྲ་བརྟན་དུ་འགྱུར་ཐུབ་ཅེས”གསུངས་པ་ལྟར་རེད།འདི་ནི་ཀྲུང་གོ་གསར་བའི་མི་རིགས་འབྲེལ་བའི་གནས་ཚུལ་གྱི་ཚད་མཐོའི་སྤྱི་སྡོམ་རེད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཐུན་མོང་གིས་བཙུགས་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཡིན།འདྲ་མཉམ་དང་མཐུན་སྒྲིལ།རོགས་རེས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་འབྲེལ་བ་དེ་ཆགས་ཟིན་པ་མ་ཟད་ད་དུང་མུ་མཐུད་དུ་ཇེ་ཟབ་ཏུ་གཏོང་ངེས་ཡིན་ཞེས་གསལ་བོར་བསྟན་ཡོད།འདི་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་མི་རིགས་འབྲེལ་བའི་ཚད་ལྡན་གྱི་གསལ་བཤད་ཡིན།ཉིས་སྟོང་ལྔ་ལོར་ཚོགས་པའི་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་སྟེང་།ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བར་སྤྱི་སྡོམ་གསར་བ་བྱས་ཏེ།འདྲ་མཉམ་དང་མཐུན་སྒྲིལ།རོགས་རེས།འཆམ་མཐུན་བཅས་ནི་རང་རྒྱལ་གྱི་མི་རིགས་འབྲེལ་བའི་ངོ་བོའི་ཁྱད་ཆོས་ཡིན་ཞེས་གསལ་བོར་བསྟན་པ་དེས་ང་ཚོའི་ཏང་གི་བབ་བསྟུན་མདུན་སྐྱོད་ཀྱི་གཞུང་ལུགས་ཀྱི་ཆུ་ཚད་མཚོན་ལ།དེར་དུས་རབས་ཀྱི་དོན་སྙིང་ཆེན་པོ་ཡོད།

ལོ་རྒྱུས་སྟེང་རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ།མི་རིགས་སོ་སོའི་བར་གྱི་གཅིག་ལ་གཅིག་བརྟེན་དང་སྐྱིད་སྡུག་མཉམ་མྱོང་གི་འབྲེལ་བར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆེན་པོ་ཡོད།གཅིགལོ་ངོ་སྟོང་ཕྲག་ལྷག་གི་ཀྲུང་དབྱང་དབང་ཆ་གཅིག་བསྡུས་དབང་སྒྱུར་གྱིས་མི་རིགས་སོ་སོ་དམ་དུ་སྦྲེལ།གཉིས།ཡུན་རིང་པོར་དབུས་ཕྱོགས་ཀྱི་རྒྱ་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ།གྲངས་ཉུང་མི་རིགས་ཀྱི་ས་ཁུལ་སོ་སོ་བཅས་ཀྱི་བར་དཔལ་འབྱོར་དང་རིག་གནས་ཀྱི་འགྲོ་འོང་ཟབ་མོ་བྱས་པས།རྒྱ་རིགས་དང་གྲངས་ཉུང་མི་རིགས་སྤྱི་ཚོགས་དང་དཔལ་འབྱོར་འཚོ་བའི་ཁྲོད་གཅིག་ལ་གཅིག་བརྟེན་གྱིས་མཉམ་གནས་བྱས།གསུམ།ཉེ་རབས་ནས་བཟུང་མི་རིགས་སོ་སོས་མཉམ་དུ་དགྲ་བོ་འགོག་པ་དང་།བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ནས་སྐྱིད་སྡུག་མཉམ་མྱོང་གི་འབྲེལ་བ་ཟབ་མོ་ཆགས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས།སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་པ་དེས་རྒྱ་རིགས་དང་གྲངས་ཉུང་མི་རིགས་བར་དུ་སྔོན་ནས་ཡོད་པའི་འབྲེལ་བ་དེར་རྨང་གཞི་གསར་བ་བཏིངས་ནས་སྐལ་བཟང་དུས་ལེགས་ཤིག་གི་སྒོ་འཕར་ཡངས་པོར་ཕྱེས།རང་རྒྱལ་གྱི་མི་རིགས་སོ་སོའི་བར་དུ་ཡུན་རིང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཆགས་པའི་མཛའ་བརྩེ་ཟོལ་མེད་དང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ནི་ད་ལྟའི་དུས་རིམ་གྱི་མི་རིགས་ཀྱི་འཆམ་མཐུན་འབྲེལ་བའི་ལོ་རྒྱུས་ཀྱི་རྨང་གཞི་དང་རྩ་བ་ཡིན་ལ།དེ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་ཁྱད་ཆོས་གཙོ་བོ་ཞིག་རེད།

འདྲ་མཉམ་དང་མཐུན་སྒྲིལ།རོགས་རེས།འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བས་ཀྲུང་ཧྭ་མི་རིགས་ཀྱི་རིགས་མང་གཞི་གཅིག་གི་གཞི་རྩའི་རྣམ་པ་མཚོན་ཡོད་ལ།ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་གཞི་རྩའི་ཁེ་ཕན་མཚོན་ཡོད།འདྲ་མཉམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་རྨང་རྡོ་ཡིན་པ་དང་།མི་རིགས་སོ་སོ་ཡོངས་སུ་འདྲ་མཉམ་ཡིན་ན།ད་གཟོད་མཉམ་དུ་རང་ཁྱིམ་རང་བདག་བྱེད་པའི་དབང་ཆ་ལག་བསྟར་བྱས་ཏེ།སྔར་ལས་བཟང་པོའི་སྒོ་ནས་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་བྱེད་པར་ཞུགས་ཐུབ།མཐུན་སྒྲིལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་ནང་དོན་གཙོ་བོ་ཡིན་པ་དང་།མི་རིགས་སོ་སོས་བློ་སེམས་གཅིག་མཐུན་དང་ལག་རྡང་མཉམ་སྦྲེལ་བྱས་ན།ད་གཟོད་དམངས་གཙོ་མཐུན་སྒྲིལ་དང་སྐྱེ་སྟོབས་འབར་ཞིང་བརྟན་འཇགས་འཆམ་མཐུན་གྱི་ཆབ་སྲིད་ཀྱི་རྣམ་པ་ཆགས་ནས།ཀྲུང་ཧྭ་མི་རིགས་ཀྱི་སྟོབས་དང་ལྡན་པའི་མཐུན་སྒྲིལ་གྱི་ནུས་ཤུགས་དང་སེམས་མཐུན་གྱི་ནུས་ཤུགས་དེ་ཆགས་ཐུབ།རོགས་རེས་ནི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་འགན་སྲུང་ཡིན་པ་དང་།མི་རིགས་སོ་སོས་ཕན་ཚུན་ལ་རྒྱབ་སྐྱོར་དང་རོགས་རམ།ཁྱད་སྟོབས་ཁ་གསབ་བཅས་བྱས་ན།ད་གཟོད་མཉམ་དུ་གོང་འཕེལ་དུ་འགྲོ་ཐུབ་ལ་མཉམ་དུ་ཕྱུག་པོར་འགྱུར་ཐུབ།འཆམ་མཐུན་ནི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་ངོ་བོ་ཡིན་པ་དང་།མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་དང་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ན།ད་གཟོད་ཀྲུང་ཧྭ་མི་རིགས་སྤྱིའི་ཁྱད་སྟོབས་དང་གསར་གཏོད་ཀྱི་ནུས་པ་བཟང་པོར་བཏོན་ནས།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་སྔར་ལས་བཟང་པོའི་སྒོ་ནས་མངོན་འགྱུར་བྱེད་ཐུབ།གནས་བབ་གསར་བའི་འོགང་ཚོས་ད་དུང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་ལས་སྲ་བརྟན་དང་གོང་འཕེལ་དུ་བཏང་སྟེ།རྒྱ་རིགས་གྲངས་ཉུང་མི་རིགས་དང་འབྲལ་ཐབས་མེད་པ་དང་གྲངས་ཉུང་མི་རིགས་རྒྱ་རིགས་དང་འབྲལ་ཐབས་མེད་ཅིང་།གྲངས་ཉུང་མི་རིགས་ཕན་ཚུན་བར་དུ་ཡང་འབྲལ་ཐབས་མེད་པའི་བསམ་ཚུལ་དེ་མི་རེའི་སེམས་སུ་ཟབ་མོར་འཇགས་པར་བྱས་ཤིང་།སྟོབས་དང་ལྡན་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཆགས་པར་བྱེད་པ་དང་།མི་རིགས་སོ་སོའི་འགྲིག་མཐུན་མཉམ་གནས་དང་མཐུན་སྒྲིལ་རོགས་རམ།འཆམ་མཐུན་གོང་འཕེལ་བཅས་ལ་ཡར་སྐུལ་བཏང་སྟེ།འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་བསྐྲུན་པའི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་པར་སྔར་ལས་འཆམ་མཐུན་ཡིན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས།