སྒྲུང་རིང་《ལམ》དང་འབྲེལ་བའི་གཏམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

སྒྲུང་རིང་《ལམ》དང་འབྲེལ་བའི་གཏམ།-ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

    • 微信图片_20190606115904.jpg


      སྒྲུང་རིང་འདིའི་ནང་མིང་བརྡ་དང་པོ་ང་ཡི་མིང་ཐོག་ནས་ང་རང་ལ་མི་ལུས་རིན་ཆེན་གྱི་ལུས་རྟེན་ཐོབ་ཀྱང་སྙིང་རྗེ་མེད་པའི་ཨ་མས་གད་སྙིགས་བཞིན་རྒྱང་དུ་སྤྱུགས་ཏེ་ངའི་ཚེ་སྲོག་གི་མཇུག་བསྡུས་པ་དང་། སྐྱེ་བ་སྔ་ཕྱིའི་ལས་འབྲས་ཀྱི་དབང་གིས་ང་རང་བོང་རྒན་ཞིག་གི་སྐྱེ་བ་བླངས་པས། ངས་རང་ཉིད་ལ་དལ་འབྱོར་མི་ལུས་རིན་ཆེན་གྱི་ལུས་རྟེན་ཐོབ་ཆེད་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད། ངལ་བ་ཁྲི་ཕྲག་ཕྲག་ཏུ་བླངས་ནས་བདག་པོའི་སླད་དུ་དཀའ་སྡུག་གི་རྔུལ་ཆུ་ཁྲུམ་ཁྲུམ་བཏོན་ཡང་། ཡ་ང་སྙིང་རྗེ་མེད་པའི་བདག་པོས་ང་རང་ན་སོ་རྒས་དུས་བཤས་རར་བཙོངས་ཏེ་ངའི་ཚེ་སྲོག་ལ་རྫོགས་ཚིག་བཀོད། ང་རང་བོང་བུའི་སྐྱེ་གནས་ལས་ཐར་ཏེ་སླར་ཡང་ལུག་གི་སྐྱེ་ལུས་བླངས་ཤིང་། བདག་པོ་བྱམས་སེམས་ཅན་གྱིས་ང་རང་ཚེ་ཐར་དུ་བཏང་ནས། བདག་པོ་དང་ལྷན་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་མང་པོར་མཇལ་ཁ་ཞུ་སྐལ་བྱུང་སྟེ་མཐའ་མ་ང་རང་ལ་མི་ལུས་རིན་ཆེན་གྱི་ལུས་རྟེན་རྙེད། ལྷག་པར་སྤྲུལ་སྐུའི་གོ་འཕང་ཡང་ཐོབ་པར་གྱུར། འོན་ཀྱང་། སྤྱི་ཚོགས་ཀྱི་འགལ་རྐྱེན་སྣ་ཚོགས་དང་གཞན་གྱི་མི་ཁའི་བར་ཆད་འོག་ང་རང་སྐྱ་སར་བབ་དགོས་བྱུང་སྟེ་འཇིག་རྟེན་པའི་འདོད་ཆགས་ཀྱི་ཀློང་དུ་ཐིམ་པ་མ་ཟད། ངས་རྒྱུ་འབྲས་བསྣོགས་ནས་ཨ་ཕ་དམ་པས་ལྷ་སའི་ཇོ་བོར་འབུལ་ཆེད་བཞག་པའི་གཙུག་གཡུ་དང་། སངས་རྒྱས་ཀྱི་སྐུ་བརྙན་མང་པོ་གཞན་ལ་བཙོངས་ཏེ་དངུལ་དང་བརྗེས་པས།མཐའ་མ་ང་རང་ལ་རྣམ་སྨིན་འཁོར་ཏེ་གཤིན་རྗེའི་ལག་འོག་ནས་མ་ཐར་ལ། རང་ངོ་རང་གིས་མི་ཤེས་པར་གྱུར་བའི་གནས་ཚུལ་ཞིབ་འབྲི་བྱས་ཡོད་པས། རྩོམ་འདིའི་མི་སྣ་གཙོ་བོ་དེ་ལ་ཐོབ་ཐང་དང་ལུས་མི་འདྲ་བ་ཁག་བཞི་ཡི་ཐོག་ནས། རང་རེའི་སྐྱེ་བ་སྔ་ཕྱི་དང་རྒྱུ་འབྲས་ཀྱི་རྣམ་གཞག་ལྷུག་བརྗོད་བྱས་ཡོད།

      སྒྲུང་རིང་འདིར་སྔ་ཕྱི་བར་གསུམ་དུ་མི་སྣ་ཁག་མི་འདྲ་བ་བཅུ་ལྷག་ཙམ་བཀོད་སྒྲིག་བྱས་ཡོད་པའི་ནང་། རྒད་པོ་དང་རྒད་མོ། ཆུང་དུས་ཀྱི་བརྩེ་གྲོགས་ཕན་ཐོགས། ང་རང་གི་ཕ་མ་ལྟ་བུའི་དྲང་ཕྱོགས་མི་སྣའི་སྣང་བརྙན་ཞིབ་འབྲི་བྱས་པ་ཡོད་ལ། ང་རང་གད་སྙིགས་བཞིན་དོར་མཁན་གྱི་ཨ་མ་དང་། བོང་བདག་ཁྱོ་ཤུག ཉི་བསམ་ལྟ་བུའི་ལྡོག་ཕྱོགས་མི་སྣའང་ཡོད་ལ། ང་རང་གི་ཕུ་བོ་དང་ཆུང་མ་བདེ་སྐྱིད་ལྟ་བུའི་བར་ཕྱོགས་མི་སྣའི་སྣང་བརྙན་ཡང་གསར་བཞེངས་བྱས་ཡོད། དེ་བས་མིའི་རང་གཤིས་དངོས་གཞིར་བཞག་ནས་དྲང་ཕྱོགས་ཀྱི་མི་སྣ་ཡིན་ན་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཅན་ཞིག་མ་ཡིན་ལ། ལྡོག་ཕྱོགས་ཀྱི་མི་སྣ་ཡིན་རུང་ངན་པ་དགུ་འཛོམས་ཅན་ཞིག་མ་ཡིན་པར་དེ་ལའང་རང་རང་གི་དགེ་བའི་ཆ་ཅུང་ཟད་ཞིབ་འབྲི་བྱས་ཡོད།

      ནང་དོན་གྱི་ཆ་ནས་བཤད་ན། སྒྲུང་རིང་ཞིག་ལ་མཚོན་ན་ཡིག་འབྲུ་ཁོ་ནས་སྒྲུང་རིང་གི་རིང་བའི་ཆ་དེ་མཚོན་རྒྱུ་མིན་པར་ནང་དོན་གྱི་གཤོང་ཚད་ཆ་ནས་དེའི་ནང་དུས་རབས་ཤིག་གམ། ཡང་ན་ལོ་རྒྱུས་ངེས་ཅན་གྱི་འཚོ་བ་མཚོན་ཐུབ་པ་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པས། རྩོམ་འདིའི་ནང་དུའང་སྐུ་དྲག་གི་འཚོ་བའི་དུམ་བུ་མཚོན་པའི་ནང་དོན་དང་། རིག་གནས་གསར་བརྗེའི་ལོ་རྒྱུས་ཀྱི་དུམ་བུ།ཆུང་དུས་ཀྱི་ཕ་ཡུལ་དང་ད་ལྟའི་ཕ་ཡུལ་གྱི་འགྱུར་ལྡོག སྒྱུར་བཅོས་སྒོ་དབྱེའི་སྐབས་ཀྱི་གནས་ཚུལ་སོགས་ཞིབ་འབྲི་བྱས་ཡོད་པ་གང་ཞིག དེ་དག་ཀྱང་ཐད་ཀར་ཞིབ་འབྲི་མ་བྱས་པར་ཤུགས་ནས་མཚོན་རྒྱུ་གཙོ་བོར་བཟུང་ཡོད་པའོ། །

      རྣམ་པའི་ཆ་ནས་བཤད་ན། རྩོམ་འདིའི་ནང་གོ་རིམ་ཇི་མ་ཇི་བཞིན་ཞིབ་འབྲི་བྱས་ཡོད་པ་གང་ཞིག མཚམས་ལ་ལར་ལྡོག་འབྲི་དང་། བར་བཅུག་གི་འབྲི་ཐབས་སྤྱད་པའང་ཡོད་ལ། དངོས་ཡོད་རིང་ལུགས་དང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་སོགས་ཀྱི་སྒྲུང་གཏམ་གྱི་འབྲི་ཐབས་ཀྱང་བཀོལ་གང་ཐུབ་བྱས་ཡོད་པ་མ་ཟད། རང་རེའི་དུར་ཁྲོད་རིག་གནས་དང་བར་དོ། །དམྱལ་བའི་རིག་གནས་ཞིབ་འབྲི་བྱས་ཡོད་པ་གང་ཞིག  དེ་དག་ཀྱང་《བར་དོ་ཐོས་གྲོལ་ཆེན་མོ》དང་《གླིང་སྒྲུང》སོགས་སུ་བསྟན་པའི་རང་ཅག་བོད་མི་རང་གི་ངོས་འཛིན་གཙོ་བོར་བཞག་ནས་འོས་འཚམས་ཀྱིས་རྩོམ་པ་པོ་རང་ངོས་ཀྱི་བསམ་གཞིག་གམ་རྟོག་བཟོར་བརྟེན་ནས། ལྷ་སྒྲུང་ལྟ་བུའི་སྣང་ཚུལ་མཐའ་དག་རང་ནུས་ཅི་ལྕོགས་ཀྱིས་དངོས་ཡོད་བཞིན་ཞིབ་འབྲི་བྱེད་གང་ཐུབ་བྱས་ཡོད་པས།ཡང་སྙིང་རྩོམ་གྱི་བརྗོད་སྙིང་ཅི་ཞིག་ཡིན་མིན་དང་། སྒྱུ་རྩལ་གྱི་མཚོན་ཐབས་དག་གནད་ལ་འཁེལ་མིན་རྒྱ་ཆེའི་ཀློག་པ་པོ་ལྷན་རྒྱས་ནས་གཟིགས་པར་འཚལ་ལོ། །

      རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

      微信图片_20190606120022.jpg


      རིན་ཆེན། སྨྱུག་མིང་། རྣམ་གླིང་རིན་ཆེན། ༡༩༩༠ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་ཁོངས་སུ་སྐྱེས།  ༢༠༡༣ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ནས་སློབ་མཐར་ཕྱིན་ནས་བྱ་བར་ཞུགས། སྔ་ཕྱིར་སྒྲུང་ཐུང་ཕྱོགས་བསྒྲིགས་《གྲོང་ཁྱེར་གྱི་ཕྱི་ནང་》དང་《ལྷ་སའི་ཉི་འོད།》ཅེས་པ་དཔེ་སྐྲུན་ཁང་ནས་དཔར་སྐྲུན་འགྲེམས་སྤེལ་བྱས། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》 《སྦྲང་ཆར།》 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།》 《མི་རིགས་ཀྱི་རྩོམ་རིག》 《བོད་ལྗོངས་ཉིན་རེའི་ཚགས་པར།》 《གཞིས་རྩེའི་ཚགས་པར།》 《ཟླ་ཟེར།》སོགས་སུ་སྒྲུང་གཏམ་གཙོས་བརྩམས་ཆོས་ཁྱོན་༢༠༠ལྷག་ཙམ་སྤེལ། གཞིས་རྩེའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ད་ལྟ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་ཁང་དུ་ལས་ཀ་བྱེད་བཞིན་ཡོད།