རྩོམ་པ་པོ།   དམུ་དགེ་བསམ་གཏན།  ཡིག་བསྒྱུར།       དུས་ཚོད།   2019-09-06   རྩོམ་ཁུངས།    ཁམས་པའི་དྲ་བ།
གང་འདུལ་གསེར་ལྡན་བུ་མོའི་ལྟོ་བ་རུ།།
སོ་རིག་རིག་བྱེད་འོད་ཀྱི་འཁྱུད་པ་ན།།
ཀུན་ཕན་ཁྱེ་འུའི་རོལ་བ་འབུམ་འཆར་བར།།
བྱེད་པོ་ཟླ་མེད་དྲང་སྲོང་ཁྱོད་ཀྱིས་སྐྱོངས།།
འདིར་སྔ་མོ་ཞིག་ནས་དོགས་གནས་ཀྱི་དྲི་བ་མང་པོ་འབྱོར་བས། གབ་ཚིག་དང་། ཁེད་གཉིས་ཀྱི་ཁྱད་པར་མདོ་ཙམ་བརྗོད་པ་ལ། འབྱུང་ཁུངས་ཀྱི་ཁྱད་པར་དང་། དུས་ཀྱི་ཁྱད་པར། ངོ་བོའི་ཁྱད་པར། ཐ་སྙད་ཀྱི་ཁྱད་པར། བཞི་ལས།
དང་པོ། འབྱུང་ཁུངས་ཀྱི་ཁྱད་པར་ནི།
གབ་ཚིག་གི་རྒྱན་ནི། གཙོ་བོ་འཕགས་ཡུལ་གྱི་སྙན་ངག་དག་ལས་འབྱུང་བ་ཡིན་ཏེ། སྙན་ངག་མེ་ལོང་ལས། འདི་རྣམས་གབ་ཚིག་བཅུ་དྲུག་སྟེ།། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན།། ཞེས་དང་། གབ་ཚིག་དག་གི་རྣམ་པ་ཡི།། ལུགས་ཀྱང་རབ་ཏུ་བསྟན་པར་བྱ།། ཞེས་གསུངས་སོ།། མེ་ལོང་མ་བོད་དུ་མ་འགྱུར་བའི་སྔོན་གྱི་བོད་གཞུང་དག་ན་གབ་ཚིག་རྒྱན་གྱི་ཐ་སྙད་མི་འབྱུང་བས་ཀྱང་། གབ་ཚིག་གི་རྒྱན་གྱི་འབྱུང་ཁུངས་ནི་སྙན་ངག་གི་གཞུང་རྣམས་ཡིན་པ་ཤེས་སོ།།
ཁེད་ཀྱི་འབྱུང་ཁུངས་ནི། གཙོ་བོ་བོན་ཡིན་ཏེ། བཀའ་ཆེམས་སོགས་ལས། བོན། སྒྲུང་། ལྡེའུ་གསུམ། ཞེས་པའི་ལྡེའུ་ནི་ཁེད་ཡིན་ཏེ། དེབ་ཐེར་མཁས་པའི་དགའ་སྟོན་ལས། མངོན་པའི་སྡེ་སྣོད་འབྱུང་བའི་ལྟས་ལྡེའུ་སྤྱོད། ཅེས་པའི་མཆན་དུ། སྲང་ལ་ཐེམ་གཉེར་ཝ་བ་ཅན་ཅི་ཡིན། ཞེས་འདྲི་བ་དཔེར་བཞག་པ་ལྟ་བུ་དང་། གཞན་ཡང་། རྒྱལ་བློན་འདི་གཉིས་ཀྱི་དུས་སུ་ཞང་ཞུང་ནས་བོན་སྒྲུང་ལྡེའུ་གསུམ་དར་ཞེས་དང་། ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས། །ཞེས་པའི་ལྡེའུ་ནི་ཁེད་ཡིན་ལ། རྒྱ་ནག་གི་ཏའོ་ཇོ་ཟེར་བའི་སྟོན་པ་ལོ་ཤྱིན་གྱི་རང་ལུགས་པ་རྣམས་ལའང་ཁེད་དར་ཞིང་། ཆོས་ལུགས་སུ་བརྩི་ཞེས་རྒྱ་མི་དག་གིས་ཟེར་རོ།།
གཉིས་པ། དུས་ཀྱི་ཁྱད་པར་ནི།
གབ་ཚིག་གི་རྒྱན་ནི་རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་སྙན་ངག་དར་ནས་བྱུང་བ་ཡིན། སྤྱིར་སྙན་ངག་ཙམ་ནི་བོད་འདིར་དར་སྔ་མོ་ཞིག་ནས་ཡོད་མོད། རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་སྙན་ངག་ནི། འཕགས་ཡུལ་གྱི་མཁས་པ་དག་གིས་ལུགས་བཞིན་དུ། ཤར་ལྷོའི་ལམ་ལུགས་སོ་སོ་དང་། ཐུན་མོང་ལའང་། དོན་རྒྱན་སྒྲ་རྒྱན་གབ་ཚིག་གི་རྒྱན་སྐྱོན་སེལ་དང་བཅས་པའི་རྣམ་གཞག་སྟོན་པའི་གཞུང་དང་མཐུན་པར་རྩོམ་པ་དེ་ཡིན་ལ། དེ་བསྟན་པ་ཕྱི་དར་གྱི་དུས་སུ་བྱུང་བ་ཡིན་ཏེ། གཡའ་སེལ་ལས། འོན་ཀྱང་སྒྲ་སྙན་ངག་མངོན་བརྗོད། སྡེབ་སྦྱོར། ཟློས་གར་ཏེ། རིག་གནས་ཆུང་བའམ་ཐ་སྙད་རིག་པའི་གཞུང་ལྔར་གྲགས་པ། ས་པཎ་ཡན་ལ་མ་དར་ཞིང་། དེ་ནས་ཐར་ལོ་ཉི་མ་རྒྱལ་མཚན་ཡན་ལ་དར་ཡང་བོད་སྐད་དུ་གཞུང་ཡོངས་རྫོགས་མ་འགྱུར་བ་ལ། ཞེས་སོགས་ལྟར་ཡིན། གཞུང་ཡོངས་རྫོགས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་དང་། དཔང་ལོ་ཡབ་སྲས་སྐུ་དྲིན་ཅན་རྣམས་ཀྱིས་མེ་ལོང་རྩ་འགྲེལ། དཔགས་བསམ་འཁྲི་ཤིང་སོགས་བསྒྱུར་བ་ལ་བརྟེན་ནས། སྙན་ངག་ཤིན་ཏུ་དར་ཏེ། བོད་འགྲེལ་ཤིན་ཏུ་མང་མོད། གྲགས་ཆེ་བ་ནི། རིན་སྤུངས་བའི་སེང་གེའི་ང་རོ། རྒྱལ་དབང་ལྔ་བ་ཆེན་མོའི་དབྱངས་ཅན་དགྱེས་གླུ། བོད་མཁས་པ་དགེ་ལེགས་རྣམ་རྒྱལ་གྱི་དན་ཌིའི་དགོངས་རྒྱན་དང་། དཔེ་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་སོགས་ཡོད་ལ། དེ་དག་གི་སྐབས་སུ་གབ་ཚིག་གི་རྒྱན་བཅུ་དྲུག་གི་དཔེ་བརྗོད་དག་ཀྱང་ཤིན་ཏུ་ལེགས་ཤིང་མཛེས་པར་བཀོད་ཡོད་པས་གབ་ཚིག་རྒྱན་ཞེས་ཡོགས་སུ་གྲགས་པ་འདི་བྱུང་ངོ་།།
ཁེད་ནི། བསྟན་པ་ཕྱི་དར་མ་ཟད། བོད་དུ་སངས་རྒྱས་ཆོས་ལུགས་མ་དར་བའི་སྔོན་ནས་བྱུང་བ་ཡིན་ཏེ། དཔའ་བོ་གཙུག་ལག་འཕྲེང་བའི་དེབ་ཐེར་ལས། འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ། ཆབ་སྲིད་སྒྲུང་དང་ལྡེའུ(ཁེད)བོན་གྱིས་བསྐྱངས་ཞེས་དང་། བོད་རྒྱལ་སྤུ་དེ་གུང་རྒྱལ་དང་བློན་པོ་རུ་ལས་སྐྱེས་གཉིས་ཀྱི་དུས་སུ་བྱུང་བར་བཤད་དེ། མ་འོངས་སྔགས་དང་འདུལ་བ་བྱུང་བའི་ལྟས།། གནམ་བོན་གཤེགས་པོ་ཆེ་དང་བོན་གཞུང་བྱུང་།། ཞེས་དང་། དེའི་ཐད་ཀྱི་མཆན་འགྲེལ་ལས། མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དང་། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང་། མ་སངས་ཁ་སྒྲུང་དང་། མཆིལ་བའི་སྒྲུང་སོགས་ཉན་བཤད་དང་། མངོན་པའི་སྡེ་སྣོད་འབྱུང་བའི་ལྟས་སུ་ལྡེའུ(ཁེད)སྤྱོད། སྲང་ལ་ཐེམ་གཉེར་ལྔ་བ་ཅན་ཅི་ཡིན། པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས་ཅི་ཡིན་ཞེས་འདྲི་བ་སོགས་ཏེ། བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ནས་ཡོད་སྐད། ཅེས་དང་། མ་ཎི་བཀའ་འབུམ་ལས། སྲོང་བཙན་གྱི་དུས་སུ། སྐྱེ་བོ་བློ་དམན་པ་རྣམས་ལ་ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་གཟུགས་ཀྱི་སྙེ་མ་སོགས་སྒྲུང་བསླབས། རྟོགས་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ(ཁེད)བསླབས། ཞེས་གསུངས་པ་དང་། དེབ་ཐེར་གཞན་ལས་ཀྱང་གསུངས་ཡོད། དོན་འདྲ་བས། འདིར་མང་དོགས་ནས་མ་དྲངས།
གསུམ་པ། ངོ་བོའི་ཁྱད་པར།
གབ་ཚིག་ནི། སྙན་ངག་གི་ཚིག་རྒྱན་ཡིན་ཏེ། སྙན་ངག་གི་འགྲེལ་བ་ཐམས་ཅད་ལས། གཉིས་པ་ཐུན་མོང་གི་རྒྱན་ལ་དོན་རྒྱན་དང་། སྒྲ་རྒྱན། གབ་ཚིག་གི་རྒྱན་དང་གསུམ་ཞེས་གསུང་ཤིང་། གབ་ཚིག་ནི་སྙན་ངག་གི་རྒྱན་གཞན་བཞིན་དུ། བརྗོད་བྱ་དང་ལྡན་པའི་ཚིགས་སུ་བཅད་པའི་ལུས་ལ་སྙན་ངག་གི་རྒྱན་དུ་འགྲོ་ངེས་ཤིག་ལས། ཁེད་བཞིན་དུ་གང་བྱུང་སྨྲས་པ་དག་ནི་རྒྱན་དུ་མི་འགྲོ་སྟེ། སྔོན་གྱི་སློབ་དཔོན་འགའ་ཞིག་གིས་གབ་ཚིག་བཅུ་བཞི་བཤད་པ་དེ་ལ། གབ་ཚིག་མཚན་ཉིད་མ་ཚང་གསུངས་ནས། པཎྡི་ཏ་སློབ་དཔོན་དན་ཌིས་ཁས་མ་བླངས་པའི་ཕྱིར། སྙན་ངག་མེ་ལོང་ལས། གབ་ཚིག་ངན་པ་གཞན་དག་ཀྱང་། །བཅུ་བཞི་དེ་དག་རྣམས་ཀྱིས་བརྗོད། །ངན་པ་མཚན་ཉིད་མེད་གང་དེ། །སྐྱོན་གྱིས་ཡོངས་བགྲངས་བྱ་མིན་པར། །རིག་གནས་སླར་ཡང་བདག་ཅག་གིས། །ལེགས་པ་ཁོ་ན་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར། ངན་པ་མཚན་ཉིད་མེད་གང་དེ། ཞེས་བཅུ་བཞི་བོ་དེ་ལ་གབ་ཚིག་གི་མཚན་ཉིད་མ་ཚང་བར་བཤད་པའི་ཕྱིར། དེས་ན་གབ་ཚིག་ནི། སྙན་ངག་གི་ཚིག་རྒྱན་ཡིན་པར་མ་ཟད། ཀུན་གཟིགས་ལྔ་བ་ཆེན་མོ་དང་། བོད་མཁས་པ་སོགས་སྔོན་གྱི་སྙན་ངག་པ་མཁས་པ་སུས་ཀྱང་། གབ་ཚིག་དཔེར་བརྗོད་ལ་ཚིགས་བཅད་ཁོ་ན་ལས། ཚིག་ལྷུག་བཞག་པ་ཞིག་ཀྱང་མེད་པའི་ཕྱིར།
ཁེད་ནི། སྙན་ངག་གི་རྒྱན་མ་ཡིན་ཏེ། དེ་ལྟར་འདོད་མཁན་སྔར་སུ་ཡང་མ་བྱུང་ལ། དོན་ལའང་ཚིག་རྒྱན་ཡིན་པར་འདོད་མི་རིགས་ཏེ། གཞུང་ལུགས་དང་རིག་གནས་ལ་སྦྱང་མ་སྦྱང་ལ་ལྟོས་པ་མེད་པར་ཁྱིམ་པ་དག་དང་། ལྷག་པར་བྱིས་པ་དག་གིས་ཀུ་རེ་བྱེད་ཆེད། གོང་དུ་བཤད་པ་ལྟར། སྲང་སྟེ་རྒྱ་མ་ལ། ཐེམ་གཉེར་ལྔ་བ་ཅན་ཟེར་བ་ལྟ་བུ། ཕ་རོལ་བས་ཨེ་ཤེས་ལྟ་བ་དང་། རི་ཞིག་གི་ངོ་ན་ཟོ་བ་གཉིས་ཁ་ཐུར་དུ་བསྟན་ནས་ཡོད། དེ་ཅི་རེད། སྣ། ར་བ་དཀར་པོའི་ནང་དུ་བ་ལི་མ་དམར་པོ་ཞིག་འཕག་གི་འདུག་དེ་ཅི་རེད། ལྕེ། ཞེས་པ་ལྟ་བུ། རྩེད་མོའི་དགོས་པ་ཙམ་ལས། ཚིག་གི་རྒྱན་དུ་འགྱུར་ཚུལ་མེད་པས། སྔར་གྱི་མཁས་པ་སུས་ཀྱང་ཚིག་རྒྱན་དུ་གསུངས་པ་མེད་པའི་རྒྱུ་མཚན་དེ་ཡིན་ནོ། །དེས་ན་གབ་ཚིག་དང་ཁེད་གཉིས་ཀྱི་ངོ་བོའི་མི་འདྲ་བ་ཡིན་ནོ།།
བཞི་པ། ཐ་སྙད་ཀྱི་ཁྱད་པར་ནི།
གབ་ཚིག་གི་མིང་ལ་རྒྱ་བོད་ཀྱི་སྙན་ངག་གི་གཞུང་གང་དང་གང་ནའང་གབ་ཚིག་ཅེས་པ་ལས་ཁེད་དང་། ལྡེའུ་ཐ་སྙད་བཏགས་པ་མེད་པའི་ཕྱིར། སྔར་མ་གྲགས་ཀྱང་། ཁེད་དང་དོན་འདྲ་བས་ཁེད་ཅེས་བཏགས་ཆོག་གོ་ཟེར་ན། དེ་གཉིས་ཀྱི་དོན་གྱི་ངོ་བོ་མི་འདྲ་བ་གོང་དུ་བཤད་པ་དེ་ལྟར་ཡིན་མོད། གལ་ཏེ་བརྟག་པ་མཐའ་བཟུང་གིས་དེ་གཉིས་དོན་འདྲ་བའི་དབང་དུ་བཏང་ན་ཡང་། དེ་གཉིས་ཀྱི་ཐ་སྙད་བསྲེས་མི་རུང་སྟེ། འདུས་བྱས་མི་རྟག་དོན་གཅིག་ཡིན་ཀྱང་། དངོས་མིང་སོ་སོར་གོ་བྱའི་ཆོས་ཡིན་པས། མིང་གི་ཐ་སྙད་དང་མཚན་ཉིད་སོགས་སོ་སོར་འཇོག་དགོས་པ་རིགས་པའི་གཞུང་ལུགས་ཀྱི་དགོངས་པ་ཡིན་ནོ། །དེ་གཉིས་ཐ་སྙད་གཅིག་ཏུ་བསྲེས་ན་རིགས་པའི་གཞུང་ལུགས་དང་མི་མཐུན་པར་མ་ཟད། སྙོག་དྲ་བཟོ་བ་ཡིན། དོན་གྱི་ཕྱོགས་འདྲ་བས་གཅིག་གི་མིང་དེ་གཅིག་ལ་འདོགས་ན། ལུག་གི་རིལ་མ་ལ་ལུག་གི་སྐྱག་པ་དང་། རྟ་ལུད་ལ་རྟའི་སྐྱག་པ་དང་། ལྕི་བ་ལ་གཡག་གི་སྐྱག་པ་སོགས་སྨྲོས་ཤིག་དང་། རིག་གནས་ལ་སྦྱང་བ་དག་ཀྱང་བཞད་གད་ཐག་གི་འགྲོའོ།།
ཁེད་ཀྱི་ཐ་སྙད་ལ་ཡང་། སྔར་གྱི་ལོ་རྒྱུས་དེབ་ཐེར་དག་ན་ལྡེའུ་ཞེས་བརྗོད་ཀྱང་། ཕྱིས་སུ་ཁེད་ཅེས་ཚང་མས་སྨྲས་པ་ལས། དེའི་མིང་ལ་གབ་ཚིག་ཅེས་གང་དུའང་མ་གྲགས་པའི་ཕྱིར། ཁེད་དེ། ལྡེའུ་ཟེར་བ་དེ་མིན་ནོ་ཞེ་ན། འོ་ན་ལྡེའུ་དེ་གང་ལ་མ་བྱེད་སྨྲོས་ཤིག་དང་། བཀའ་དྲིན་ཆེའོ་ཞེས་ཞུའོ།། དེས་ན་ཁེད་ཅེས་པ་དེ། མི་རྣམས་ཀྱི་རྟོག་ངོ་ན་ཡོད་པས། ཁེད་ཅེས་བརྗོད་རུང་བ་ཡིན་ཏེ། རི་བོང་ཅན་ལ་ཟླ་བ་བརྗོད་རུང་ཡིན་བཞིན་ནོ།། ཁེད་ལ་གབ་ཚིག་ཅེས་བརྗོད་རུང་བ་སྒྲུབ་བྱེད་ཀྱི་རྟགས། རྟོག་ཡུལ་ན་ཡོད་པའི་རྟགས་འགོད་མི་རུང་སྟེ། སྔར་དེ་ལྟར་མ་གྲགས་པའི་ཕྱིར་རོ་སྙམ་མོ།། དེ་གཉིས་གཅིག་ཏུ་བྱས་པའི་དེབ་ཆུང་ཞིག་ཡོད་ཟེར་བ་ལས། མིག་གིས་མ་མཐོང་ཡང་། སྔ་ཕྱིར་དྲིས་པའི་ལན་དུ། བན་རྒན་མགོ་དཀར་དེས་རྩེད་མོའི་ཞར་ལ་སྨྲས་པའོ།།