མཚོ་སྔོན་པོའི་མདའ་བཞི་དགོན་གསར་གྱི་ལོ་རྒྱུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-04   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        དགེ་ལྡན་རྣམ་རྒྱལ་གླིང་ནི། བོད་རབ་བྱུང་བཅོ་ལྔ་བའི་མེ་མོ་གླང་། སྤྱི་ལོ་༡༨༡༧ལོར་བེ་རི་སྐུ་ཕྲེང་དང་བོ་བློ་བཟང་དམ་ཆོས་རྒྱ་མཚོས་སོག་པོའི་ལག་ནས་ས་མུའུ་ཁྲི་༡༠ཉོས་ཏེ་ད་ལྟའི་སྟོང་སྐོར་རྫོང་བ་ཡན་ཡུལ་ཚོ་རུ་དགོན་པ་འདི་ཕྱག་འདེབས་མཛད།

        ༡༩༢༡ལོར་གོང་མ་ཆིན་ལུང་གིས་རྗེ་འདི་ལ་རིན་ཆེན་སྣ་ལྔས་བརྒྱན་པའི་བསྟན་པའི་མངའ་བདག་བེ་རི་བླ་མ་རིན་པོ་ཆེ་ལ་དགོན་པའི་མཚན་(福海寺)ཞེས་ཡིག་འབྲི་གསུམ་པོར་གཟི་འོད་ཆེམ་ཆེམ་འཕྲོ་བའི་ཕྱག་ཡིག་དང་བསྟོད་བསྔགས་གནང་།རྗེས་སུ་སྐྱབས་རྗེ་བེ་རི་ཚང་འཁོར་ཞབས་དུ་མ་དང་བཅས་ཡུལ་དབུས་སུ་ཕེབས། རྒྱལ་དབང་བཅུ་གསུམ་པ་མཆོག་དང་། རྒྱལ་བོ་རྟ་ཚག དགའ་ལྡན་གསེར་ཁྲི། སེ་འབྲས་དགེ་གསུམ། པཎ་ཆེན་རིན་པོ་ཆེ། བཀྲ་ཤིས་ལྷུན་པོ། རྒྱུད་སྟོད་སྨད་བཅས།རིས་མེད་ཀྱི་འདུས་སྡེ་མང་བོ་འགྱེད་དང་མང་ཇ་སོགས་བསྙེན་བཀུར་རླབས་ཆེན་འདོད་དགུར་ཕུལ། དེ་སྐབས་རྒྱལ་བ་ཐམས་ཅད་མཁྱེན་པ་དང་བོད་རྒྱལ་བོ་རྟ་ཚག་ཟུང་འབྲེལ་གྱིས་བེ་རི་མེརྒན་ཨེར་ཏི་ནི་མཁན་པོ་ཞེས་བའི་ཆོ་ལོ་དང་གདུགས་རྟ་དར་དྲུག་གི་གོ་གནས་གནང་། རྒྱབ་གནོན་བཀའ་ཤོག་དགོན་པའི་མཚན་ལ་དགེ་ལྡན་བཤད་སྒྲུབ་དར་རྒྱས་རྣམ་པར་རྒྱལ་བའི་གླིང་ཞེས་བསྔགས་ཤིང་། སྒོ་མང་གྲྭ་ཚང་གི་སྒྲིག་ལམ་གཞིར་བཞག་གི་བཅའ་ཡིག་གསར་རྩོམ། ཙན་དན་དཀར་པོའི་དངུལ་གྱི་རྡོ་རྗེ་ཕྱེད་པ་མཐོ་གང་ཙམ་གྱིས་མཚན་པའི་ཙན་དན་དམར་པོའི་སྐྱུག་པ་གསེར་ཚག་མ་ཁྱད་མཚར་སོགས་རྟེན་སྣ་མང་བཅས་གནང་།

        རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྤྲེལ་ཏེ། སྤྱི་ལོ་༡༩༨༠ལོར་ཡང་དར་བསྟན་པའི་དབུ་བརྙེས་ཤིང་། རབ་བྱུང་བདུན་པའི་མེ་མོ་ཡོས་ཏེ་སྤྱི་ལོ་༡༨༨༧ལོའི་ཟླ་དགུ་བར་སྲིད་གཞུང་གི་ཆོག་མཆན་ཐོབ། དགོན་བདག་བེ་རི་མེརྒན་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་དང་དགེ་སློང་བློ་བཟང་བཤད་སྒྲུབ་གཉིས་ཀྱིས་རྐྱེན་དུ་མ་ལ་བརྟེན་ནས། དགོན་གནས་སྟོང་སྐོར་གྱི་བ་ཡན་ཡུལ་ཚོ་ནས་མཚོ་སྔོན་པོའི་བྱང་འགྲམ་སྨོན་ལམ་མཐོན་པོའི་ཉིན་ཕྱོགས་སུ་གནས་སྤར་ཅིང་། འདུ་ཁང་སོགས་གསར་བཞེངས་བྱས་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་ཆོས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ། རབ་བྱུང་བཅུ་བདུན་པའི་ས་ཕོ་འབྲུག་སྟེ་སྤྱི་ལོ་༡༩༨༨ལོའི་ཧོར་ཟླ་༨པའི་ཚེས་༡༥ཉིན་པཎ་ཆེན་སྐུ་ཕྲེང་བཅུ་བ་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་བོ་མཆོག་གིས་གནས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པ་དང་། གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་ལ་བཀྲ་ཤིས་རབ་གནས་ཀྱི་ཆོ་ག་རྒྱ་ཆར་མཛད་དོ།།