དཔའ་རིས་ཞེས་པའི་མིང་གི་ཐོགས་ཚུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-21   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        ས་སྟེང་འདིར་མི་ཡི་འགྲོ་བ་ཆགས་པའི་དུས་ནས་བཟུང༌། བློ་རིག་དང་སྙིང་སྟོབས་དཔའ་རྩལ་ཆེ་ཞིང༌། ཞེ་རྒྱུད་རང་བཞིན་གྱིས་དྲང་བ། སྙིང་རྗེ་དང་ཕན་སེམས་ལྡན་པ་སོགས་ལྷན་སྐྱེས་ཀྱི་ཡོན་ཏན་མང་པོས་རྒྱུད་ཕྱུག་པའི་བོད་དཀར་པོའི་རིགས་གནས་པའི་ས་ཆ་ལ་གངས་ལྗོངས་ཞེས་འབོད་ཅིང༌། དེའི་མདོ་ཁམས་སྨད་ཀྱི་ཆ་མཚོ་སྔོན་ཙོང་ཆུའི་བྱང་ཕྱོགས་མི་ཉག་གི་ལོ་རྒྱུས་སུ་བྱང་ངོས་སུ་འབོད་པའི་གན་ཀྲོའུ་ཆུ་ནག་ཚུན་ཆད་ཆི་ལེན་ཧྲན་ཏེ་མདོ་ལ་རིང་མོའི་རི་རྒྱུད་ལུང་ལག་དང་ དེ་དང་འདབས་འབྲེལ་དུ་གནས་པའི་བོད་རོང་འབྲོག་གི་ས་ཆ་ཀན་སུའུ་དང༌། མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་རྫོང་ཁག་དྲུག་གི་མངའ་ཁོངས་ཀྱི་ས་ཆར་དཔའ་རིས་བོད་རིགས་དཀར་པོའི་ཡུལ་ཞེས་གྲགས་ཤིང༌། དེར་འཁོད་པའི་པྲ་འབྲི་ལྡོང་སོགས་ཀྱི་རིགས་ལས་མཆེད་པའི་བོད་རིགས་ལ་དཔའ་རིས་པ་ཞེས་གྲགས་སོ། ད་ལྟ་རྟེན་འབྲུ་རྫོང་གི་ས་ཁོངས་དཔའ་རིས་ས་ཆ་མང་ཆེ་ཤས་ཟིན་པས་བོད་མིང་དུ་དཔའ་རིས་རྫོང་ཡང་ཟེར། 

        དེ་ཡང་དཔའ་རིས་ཞེས་པའི་མིང་ཐོགས་པའི་རྒྱུ་མཚན། གནའ་མིའི་བཤད་རྒྱུན་ལ། ཕྱོགས་འདིའི་བོད་ཀྱི་རིགས་རྒྱུད་གྱི་ཐོག་མ། ཨ་ཕྱུག་དང། དཔའ་ཕྱུག་ཅེས་པའི་བོད་མི་སྤུན་གཉིས་ཡོད་པ་ལས། ཕུ་བོ་ཨ་ཕྱུག་གིས་བཟུང་བའི་ས་ལ་ཨ་རིག་དང༌།ནུ་བོ་དཔའ་ཕྱུག་གིས་བཟུང་བའི་ས་ལ་དཔའ་རིས་ཐོགས་སོ་ཞེས་བཤད་ཚུལ་གཅིག་དང༌། ཡང་ཕྱོགས་འདིའི་རི་རྣམས་མཐོ་ཞིང་གཟར་ལ། འཇིགས་རྔམ་ཆེ་ཞིང༌། དཔའ་བོས་ཁྲབ་རྨོག་འཁོར་གསུམ་གོན་ནས་དམག་ལ་ཆས་པ་ལྟར་སྣང་བས། དཔའ་རིར་ཐོགས་སོ་ཞེས་བཤད་ཚུལ་གཅིག་དང་ཡང་བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐུ་རིང་ལ། དབུས་གཙང་སོགས་ནས་རྒྱ་བོད་ཧོར་གསུམ་གྱི་ས་མཚམས་སྲུང་བའི་དམག་སྡེ་མངགས་གཏོང་བྱས་པ་དེ་དག་རྒྱུན་སྡོད་བྱས་པ་ལས་མཆེད་པས། དཔའ་རྟུལ་དམག་གི་རྒྱུད་པ་ཡིན་པས་ན། དཔའ་བོའི་རིས་གཏོགས་ཏེ་དཔའ་རིས་ཞེས་ཐོགས་སོ་ཞེས་ཀྱང་ཟེར་རོ།