ལེའུ་52ཅན་གྱི་འགུལ་རིས་བརྙན་འཕྲིན་ཟློས་གར་《ཨ་ཁུ་སྟོན་པ》ཐོན་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-09   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

       བོད་འབྲེལ་འགུལ་རིས་བརྙན་འཕྲིན་ཟློས་གར་ཆེ་གྲས་《ཨ་ཁུ་སྟོན་པ》ཞེས་པ་དེ། 2019ལོའི་ཟླ8པའི་ཚེས7ནས་ཚེས16ཉིན་བར།  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་བྱིས་པའི་ལེ་ཚན་འཁོར་ལམ་ནས་རྒྱ་སྐད་ཀྱིས་གཏོང་རྒྱུ་ཡིན་པའི་འཕྲིན་བཟང་ཐོན་འདུག་ལ།   2019ལོའི་ཟླ8པའི་ཚེས14ཉིན་ནས་བཟུང་།  བོད་ལྗོངས་བརྙན་འཕྲིན་ཁང་གི་བོད་སྐད་འཁོར་ལམ་ནས་ཆུ་ཚོད19:00སྟེང་བོད་སྐད་ཀྱིས་གཏོང་རྒྱུ་ཡིན་འདུག 

       ནང་དོན་མདོར་བསྡུས།

      འགུལ་བརྙན་འདི་ནི་བོད་ལྗོངས་ཐེན་ལི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་ཟིས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་དང་བོད་ཀྱི་འགུལ་རིས་བརྙན་འཕྲིན་གྱི་མི་སྣ་གྲགས་ཅན་གསར་དུ་གཏོད་རྒྱུར་དམིགས་ཏེ།  ལོ་ངོ4ལྷག་གི་རིང་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་རྒྱབ་ལྗོངས་དང་དམངས་ཁྲོད་གཏམ་རྒྱུད300འཚོལ་སྡུད་དང་དག་སྒྲིག་གིས་ཨ་ཁུ་སྟོན་པས་བློ་གྲོས་ལ་བརྟེན་ནས་མི་གཞན་ལ་རོགས་རམ་བྱས་པའི་གཏམ་རྒྱུད་རབ་དང་རིམ་པ་བརྗོད་བྱ་བྱས་ནས་བསྐྲུན་པ་ཡིན་འདུགརྒྱུས་ལོན་བྱུང་བ་ལྟར་ན།    《ཨ་ཁུ་སྟོན་པ་》ཞེས་པའི་འགུལ་རིས་བརྙན་འཕྲིན་ཟློས་གར་འདི་ཡིས“ཨ་ཁུ་སྟོན་པ”དེ་བོད་ཀྱི་འགུལ་རིས་གཟུགས་ཚབ་ཞིག་ཏུ་བརྩིས་ནས། སྒྱུ་རྩལ་གསར་རྩོམ་ཐད་བོད་རིགས་མི་དམངས་ཀྱི“ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ།”“བློ་བརྟན་འགྱུར་མེད།”“རང་བྱུང་ལ་གཅེས་སྤྲས་དང་ཚེ་སྲོག་ལ་དོ་ཁུར།”“ཀུན་སྤྱོད་ལ་བརྩི་མཐོང་དང་རང་གཅུན་བྱེད་པ།”“ལྷག་བསམ་ཟོལ་མེད་དང་ཞི་མཐུན་མཉམ་གནས”ལ་སོགས་ཕུལ་བྱུང་མི་རིགས་ཀྱི་སྙིང་སྟོབས་གང་ལེགས་མངོན་ཡོད་པས། ནང་དོན་ལ་ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་བློས་ཕྱུག་པ་དང་། གཏམ་རྒྱུད་ཀྱི་བྱུང་རིམ་ལ་མི་སེམས་འགུག་པ། མི་སྣའི་གཟུགས་བརྙན་ལ་སྤྲོ་སྣང་གིས་ཁེངས་པ་ལ་སོགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་ལོ་ཆུང་བྱིས་པར་ཡང་དག་པའི་རིན་ཐང་ལྟ་བ་འཛུགས་རྒྱུར་རོགས་རམ་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་སྐད།