ཁྲི་ཀའི་དྲུག་པའི་ལྷ་རྩེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-05   རྩོམ་ཁུངས།    ་ལྗོངས།


  ཁྲི་ཀའི་ལྷ་རྩེ་ནི་མདོ་སྨད་ཁྲི་ཀ་རྫོང་དུ་ལོ་རེ་རེའི་ཧོར་ཟླ་དྲུག་པའི་ཚེས་བཅུ་དགུ་ནས་ཚེས་ཉེར་གསུམ་བར་རམ། ཡང་ན་སྐབས་ལ་ལར་དྲུག་པའི་ཚེས་ཉེར་གཅིག་ནས་ཉེར་ལྔ་ཡི་རིང་ལ་འཚོགས་པའི་དབྱར་ཁའི་དུས་ཆེན་སྐྱིད་པོ་ཡུལ་ཕྱོགས་ཀུན་ཏུ་གྲགས་ཆེ་བ་ཞིག་ཡིན། ཉིན་དེ་དག་གི་རིང་ལ། ཁྲི་ཀ་རྫོང་གི་རྒྱ་བོད་ཧོས་གསུམ་གཙོས་ཉེ་ལོགས་ཁྱིམ་མཚེས་ཀྱི་རྫོང་ཁག་མང་བོའི་ལྟད་མོ་བ་དང་ཕྱོགས་ཡར་མར་གྱི་ཚོང་པ། སྒྱུ་རྩལ་པ་སོགས“གང་ན་བདེ་སྐྱིད་ལྡན་པ་དེར། ། མ་བསྡུས་པར་ཡང་རང་ཉིད་འདུ། །”ཟེར་བ་ལྟར་མི་ཚོགས་ཧ་ཅང་མང་བོ་ལྷན་དུ་འདུས་ནས་ཚོང་རྫས་ཉོ་ཚོང་དང་གླུ་ལེན་གར་རྩེད་ཀྱི་འདུ་ལོང་ཆེ། ཚེས་ཉེར་གཉིས་ཉིན་ཆེད་དུ་སྔོན་སྲོལ་ལྟར། ཡུལ་ཕྱོགས་ཀྱི་གཞི་བདག་མཐུ་བོ་ཆེ། ལྷ་གསོན་པོ་ཐུགས་ཀ་དྲོན་མོ། བྱིན་རླབས་ཀྱི་ཚན་ཁ་འབར་བའི་འཇིག་རྟེན་མགོན་སྐྱབས་དམ་པ་འཇམ་དབྱངས་ནག་པོའི་སྤྲུལ་བ་ཨ་མྱེས་ཡུལ་ལྷ་མཆོག་གི་སྐུ་བརྙན་དང་ཨ་མྱེས་རྒྱལ་ཐང་ཟེར་བའི་སྐུ་གཉིས་ཕེབས་བྱམས་ལ་བཏེགས་ནས། ཁྲོམ་ཚོགས་དབུས་སུ་གདན་འདྲེན་ཞུས་ཏེ་ཀུན་ལ་ཞལ་རིས་སྟོན་པ་དང་། དེ་ནས་ཤར་དང་ནུབ་ཀྱི་རང་རང་གི་ཕོ་བྲང་དུ་ཆས་ཏེ། སྟངས་སྟབས་མཛེས་པའི་བྲོ་གར་འཁྲབ་པ་དང་སྙན་འཇེབས་རོལ་དབྱངས་དཀྲོལ་བས་མདུན་བསུ་བཞིན། ལྷ་གསོལ་མཆོད་བཀུར་བྱེད་སྲོལ་ཡོད། མཇུག་མཐར་ཚོགས་གྲོལ་བའི་ཉིན་དེར་སྔར་བཞིན་བྲོ་གར་དང་བཅས་ཕྱིར་རང་རང་གི་ཕོ་བྲང་དུ་བསྐྱལ་ནས་བཞུགས་སུ་གསོལ་རྗེས། གཞིས་བྱེས་སྐྱེ་བོ་ཀུན་ལ་སྡོངས་གྲོགས་གཡེལ་མེད་མཛད་དགོས་པའི་སྐྱབས་བཅོལ་གསོལ་འདེབས་ཞུས་ནས་མཇུག་རྫོགས་པ་ཡིན།


                                                      ཁྲི་ཀའི་དྲུག་པའི་ལྷ་རྩེད་བྱུང་ཚུལ།

        དགའ་ལྡན་ཁྲི་རབས་ཞེ་བཞི་བའམ་ཁྲི་རྒྱ་ནག་པ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ(ཀླུ་འབུམ་གདོང་ངག་དབང་བློ་གྲོས་རྒྱ་མཚོ་ཞེས་ཀྱང་ཞུའོ)ཚང་། མཱན་ཆིང(满清)གོང་མ་གནམ་སྐྱོང(雍正皇帝)གིས་གདན་དྲངས་ནས་པེ་ཅིན་དུ་བཞུགས་པའི་སྐབས་དེར། བློ་དཀར་བདེན་འཛིན་གྱི་གོང་མའི་འཁོར་བློན་ཞིག་བདུད་བློན་གྱི་དབྱེན་ཕྲའི་དབང་གིས་རྒྱལ་པོའི་ཁྲིམས་འོག་ཏུ་སྐུ་སྲོག་ཤོར་བར་གྱུར། བློན་པོ་དེ་བསད་རྗེས་བླ་མ་གསེར་ཁྲི་པ་ལ་ནམ་ཡང་གཡེལ་བ་མེད་པར་སྡོངས་གྲོགས་མཛད་པའི་མི་མ་ཡིན་མཐུ་ཆེན་ཞིག་ཏུ་སྐྱེས།

      ཉིན་ཞིག གསེར་ཁྲི་ཚང་འཁོར་བློན་གཞན་དང་བཅས་ཏེ་གོང་མའི་མདུན་སར་བཅར་ནས་རང་རང་གི་གྲལ་གནས་སུ་བཞུགས་རྗེས། ཉེན་དཔྱོད་པས་ཕོ་བྲང་གི་སྒྲིག་སྲོལ་བཞིན། དེར་འཁོད་བློན་རིགས་ཚོའི་ལུས་ན། ལྐོག་ཉར་མཚོན་ཆ་ཡོད་མེད་ལ་རེ་རེ་བཞིན་ཞིབ་དཔྱོད་བྱེད་པའི་སྐབས་དེར། གསེར་ཁྲི་ཚང་གིས་ཕོ་བྲང་དུ་ཕེབས་ཁར་ཐུགས་མཉམ་མ་བཞེས་པར། སྙུག་གཞོག་གྲི་ཆུང་ན་བཟའི་ནང་ཁུག་ཏུ་བསྣམས་ནས་ཡོང་བ་ཤེས་འཕྲལ་དུ། བླ་མ་རང་ལ་སྡོངས་གྲོགས་མཛད་པའི་མི་མ་ཡིན་དེར་ཉེན་སེལ་གྲོགས་མཛད་པའི་རེ་སྐུལ་གནང་། མི་མ་ཡིན་དེས་རྫུ་འཕྲུལ་གྱིས་སྙུག་གྲི་དེ་སྐད་ཅིག་ཉིད་ལ་མི་མངོན་པར་བསྒྱུར་ནས་བླ་མ་སྲོག་ཉེན་ལས་ཐར་པར་བྱས། ཕྱིས་བླ་མས་མི་མ་ཡིན་དེས་སྔར་ཞིག་ནས་རང་ལ་སྐྱབས་སུ་སོང་བ་ལྟར། མདོ་ཁམས་སྨད་ཀྱི་ས་ཆར་ཁྲི་སྡེ་ཞིག་གིས་མཆོད་པར་བྱེད་པའི་ཡུལ་ལྷ་དང་རྒྱལ་བའི་བསྟན་སྲུང་དུ་འགོད་པར་ཞལ་བཞེས་གནང་བས། མི་མ་ཡིན་དེས་ཀྱང་ནམ་ཡང་བླ་མའི་ཅི་གསུང་བཀའ་བཞིན་བསྒྲུབ་པར་ཁས་བླངས།


  རྗེས་སུ། གསེར་ཁྲི་ཚང་མདོ་སྨད་ཁྲི་ཀའི་ཕྱོགས་སུ་ཕེབས་པའི་སྐབས་ཤིག་ལ། རང་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་མི་མ་ཡིན་དེ། ཁྲི་ཀའི་ཤན་འབེན་གདོང་གི་ཕ་བོང་དཀར་བོ་ཟེར་བ་དེ་ལ་གནས་སུ་བཅུག་སྟེ། དེའི་སྟེང་དུ་ཡུལ་ལྷའི་ཕོ་བྲང་བཞེངས་ནས་བཞུགས་སུ་གསོལ་བར་མ་ཟད། གསེར་ཁྲི་ཚང་གིས་མི་མ་ཡིན་དེ་འཇམ་དབྱངས་ནག་པོའི་ཐུགས་སྤྲུལ་དུ་བྱིན་གྱིས་བརླབས་ནས། ཁྲི་ཀའི་ཡུལ་ལྷ་ཞེས་པའི་མཚན་གྱི་ཅོད་པན་ཡང་གནང་བ་དང་། རྒྱ་བོད་མི་རིགས་མང་བོའི་སྐྱེ་བོ་ཁྲི་ཁྲི་འབུམ་འབུམ་གྱིས། ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ཞེས་མཆོད་ཅིང་བསྟེན་ནས། དུས་ནམ་ཡང་རང་རང་གི་སྲུང་མར་བཀུར་བའི་ཆེད་དུ་བླ་མ་གསེར་ཁྲི་ཚང་གིས།

ཀྱེ། ཁྲི་ཀའི་ཡུལ་གནས་ལྷ་གཉན་ཐུ་བོ་ཆེ།།

རྒྱ་ནག་ཤིང་མ་ཐེན་ཙི་ཞེས་གྲགས་ཁྱོད།།

མ་ལུས་འཁོར་བཅས་གནས་འདིར་གཤེགས་ནས་ཀྱང་།།

བསང་གསུར་བཞེས་ལ་འདོད་པའི་དོན་ཀུན་སྒྲུབས།།

  ཞེས་པའི་བསང་ཚིག་དེའང་དེ་དུས་གསུངས།

      དེ་ནས་བཟུང་ལོ་རེ་རེའི་ལུགས་རྙིང་གི་ཟླ་དྲུག་པའི་ཚེས་ཉེར་གཅིག་ནས་ཉེར་བཞི་ལ་གསེར་ལྡན་རྨ་ཆུ་རིང་མོའི་འགྲམ་དུ་ཁྲི་ཀའི་ལྷ་རྩེ་ཞེས་ལོ་ཡག་དུས་སྟོན་འཚོགས་པའི་སྲོལ་ཡོད། དེ་ནི་ཁྲི་ཀའི་ལྷ་རྩེད་ཅེས་ཕྱོགས་ཡོངས་སུ་གྲགས་ཆེ་བ་དེ་ཡིན་ནོ། །


      དེ་ནས་བཟུང་ལོ་རེ་རེའི་ལུགས་རྙིང་གི་ཟླ་དྲུག་པའི་ཚེས་ཉེར་གཅིག་ནས་ཉེར་བཞི་ལ་གསེར་ལྡན་རྨ་ཆུ་རིང་མོའི་འགྲམ་དུ་ཁྲི་ཀའི་ལྷ་རྩེ་ཞེས་ལོ་ཡག་དུས་སྟོན་འཚོགས་པའི་སྲོལ་ཡོད། དེ་ནི་ཁྲི་ཀའི་ལྷ་རྩེད་ཅེས་ཕྱོགས་ཡོངས་སུ་གྲགས་ཆེ་བ་དེ་ཡིན་ནོ། །