སློབ་ཆེན་སློབ་མས་སློབ་སྐྱོར་རོཊ་དངུལ་གྱི་སྲིད་ཇུས་འདི་དག་ཤེས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-30   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

ཉེ་དུས་མཐོ་རྒྱུགས་བཏང་ཟིན་ནས་སློབ་བསྡུ་བྱེད་པའི་སྒང་རེད། དེ་རིང་ང་ཚོས་སློབ་ཆེན་དུ་སྐྱོད་གྲབས་ཡོད་པའི་སློབ་མ་ཚོར་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མའི་རོགས་སྐྱོར་སྲིད་ཇུས་ཆ་ཚང་ངོ་སྤྲོད་ཞུ་རྒྱུ་ཡིན། 

     01、སློབ་མ་གསར་པ་སློབ་གྲྭར་ཞུགས་པའི་མ་དངུལ་རོགས་སྐྱོར་རྣམ་གྲངས།

     སྐྱེ་ཁུངས་དབུས་ནུབ་རྒྱུད་ནས་ཡིན་པའི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་གསར་པས་སློབ་ཞུགས་མ་དངུལ་གྱི་རོགས་སྐྱོར་རྣམ་གྲངས་རེ་ཞུ་བྱས་ཆོག་པ་དང་། སློབ་གྲྭར་འབྱོར་ཐོ་འགོད་པའི་བདལ་གླ་དང་སློབ་གྲྭར་སླེབས་རྗེས་དུས་ཐུང་གི་ལྟོ་རིན་ཐག་གཅོད་ཐུབ་ཀྱི་ཡོད། ཞིང་ཆེན་འདི་རང་གི་སློབ་གྲྭ་འགྲིམ་མཁན་སློབ་མ་གསར་པ་རེར་སྒོར་500ཡིན་པ་དང་། ཞིང་ཆེན་གཞན་དག་གི་སློབ་གྲྭ་འགྲིམ་མཁན་སློབ་མ་གསར་པ་རེར་སྒོར་1000ཡིན། སློབ་མ་ཚོས་རང་ཉིད་གནས་སའི་རྫོང་རིམ་པའི་སློབ་གསོའི་ཚན་པར་བསྐྱོད་ནས་བློ་འདྲི་དང་འགྲོ་ལུགས་གཉེར་ན་འགྲིག

     02、རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན། 

     དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མས་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཡར་ཆོག དེས་སློབ་ཡོན་དང་ཞག་སྡོད་རིན་པ་ཐག་གཅོད་ཐུབ་པ་དང་སློབ་མ་རེར་ལོ་རེར་སྒོར་8000ལས་བརྒལ་མི་རུང་། སློབ་གྲྭ་འགྲིམ་རིང་སྐྱེད་ཀ་རྒྱལ་ཁབ་ཀྱིས་འགན་འཁུར་བ་དང་། དངུལ་བུན་འཇལ་བའི་དུས་བཀག་རྩ་དོན་ཐོག་ནས་བརྗོད་ན། སློབ་གྲྭ་འགྲིམ་རིང་གི་ལོ་གྲངས་རྩིས་པའི་ཁྱོན་བསྡོམས་ལོ་13ཡིན་ཞིང་། རིང་ཤོས་ལའང་ལོ་20ལས་བརྒལ་མི་རུང་། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྲས་སུ། སློབ་མ་གནས་སའི་ཡིད་རྟོན་སློབ་རོགས་དངུལ་བུན་དང་སློབ་གྲྭ་གནས་སའི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཉིས་ཚུད་ཡོད། དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མས་ཐེམ་ཐོ་གནས་སའི་རྫོང(གྲོང་ཁྱེར་དང་ཆུས)གི་སློབ་མའི་རོགས་སྐྱོར་དོ་དམ་ཚན་པར་སློབ་མ་གནས་སའི་ཡིད་རྟོན་སློབ་རོགས་དངུལ་བུན་གཡར་བའི་འགྲོ་ལུགས་གཉེར་བའམ་ཡང་ན་མཐོ་སློབ་སློབ་མའི་རོགས་སྐྱོར་ཚན་པར་བསྐྱོད་དེ་སློབ་གྲྭ་གནས་སའི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཡར་བའི་འགྲོ་ལུགས་གཉེར་ཆོག

     03、རྒྱལ་ཁབ་ཀྱི་སློབ་རོགས་དངུལ། 

     དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མས་སློབ་གྲྭར་སླེབས་རྗེས་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་རེ་ཞུ་བྱེད་ཆོག དེས་སློབ་གྲྭ་འགྲིམ་རིང་གི་ལྟོ་རིན་ཐག་གཅོད་ཐུབ་པ་དང་། སློབ་མ་རེར་ལོ་རེར་སྒོར་3000ལས་བརྒལ་རྒྱུ་མེད། སློབ་མས《དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ངོས་འཛིན་རེ་ཞུའི་རེའུ་མིག》བཀོད་དེ་ལོ་རེའི་ཟླ་དགུ་པར་མཐོ་སློབ་ལ་རེ་ཞུ་བྱེད་ཆོག་པ་དང་། མཐོ་སློབ་ཀྱིས་ལོ་ལྟར་དཔྱད་འདེམས་ཐེངས་རེ་བྱེད་ཀྱི་ཡོད།

     04、རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། 

ཧ་ཅང་ཕུལ་བྱུང་གི་སློབ་མས་ལོ་རིམ་གཉིས་པ་ནས་བཟུང་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རེ་ཞུ་བྱེད་ཆོག་པ་དང་། སློབ་མ་རེར་ལོ་རེར་སྒོར་8000ཡིན་པ་རེད། རྒྱལ་ཁབ་ཀྱིས་གཅིག་གྱུར་བཟོས་པའི་གཟི་བརྗིད་ལག་འཁྱེར་སྤྲོད་པ་མ་ཟད། སློབ་མའི་ཡིག་ཚགས་ནང་འཇུག་གི་ཡོད། 

     05、རྒྱལ་ཁབ་ཀྱི་སྐུལ་ལྕག་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། 

     སྤྱོད་ཡོན་གཉིས་ལྡན་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མས་ལོ་རིམ་གཉིས་པ་ནས་བཟུང་རྒྱལ་ཁབ་ཀྱི་སྐུལ་ལྕག་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རེ་ཞུ་བྱེད་ཆོག་པ་དང་། སློབ་མ་རེར་ལོ་རེར་སྒོར་5000རེད། མཐོ་སློབ་ཀྱིས་བྱ་དགའ་ཐོབ་པའི་གནས་ཚུལ་སློབ་མའི་ཡིག་ཚགས་ནང་འཇུག་གི་ཡོད།

     06、སློབ་ཞོར་ལས་ཀའི་སློབ་ཞུགས་རོགས་སྐྱོར། 

སློབ་མས་སློབ་ཞོར་དུ་མཐོ་སློབ་ཀྱིས་སྒྲིག་འཛུགས་བྱས་པའི་སློབ་ཞོར་རོགས་སྐྱོར་བྱེད་སྒོར་ཞུགས་པ་དང་། ངལ་རྩོལ་ལ་བརྟེན་ནས་ཁྲིམས་མཐུན་གྱི་གླ་ཆ་རག་ཐབས་བྱས་ཏེ་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་སོགས་ལེགས་སུ་གཏོང་ཆོག 

     07、དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ། 

     པེ་ཅིང་དགེ་འོས་སློབ་ཆེན་དང་། ཧྭ་ཏུང་དགེ་འོས་སློབ་ཆེན། བྱང་ཤར་དགེ་འོས་སློབ་ཆེན། ཧྭ་ཀྲུང་དགེ་འོས་སློབ་ཆེན། ཧྲའན་ཤིས་དགེ་འོས་སློབ་ཆེན། ལྷོ་ནུབ་སློབ་ཆེན་སོགས་སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་གཞུང་གྲོན་ལ་བརྟེན་པའི་དགེ་འོས་སློབ་མས། སློབ་གྲྭ་འགྲིམ་རིང་སློབ་ཡོན་དང་ཞག་སྡོད་རིན་པ་སྤྲོད་མི་དགོས་པ་མ་ཟད། ད་དུང་ལྟོ་རིན་གྱི་ཁ་གསབ་ཀྱང་ལེན་ཆོག་གི་ཡོད། སློབ་གསོའི་ལས་རིགས་ལ་ཞུགས་འདོད་ཡོད་པ་དང་འབྲེལ་ཆ་རྐྱེན་ཚང་བའི་དགེ་འོས་ཆེད་ལས་མིན་པའི་ཕུལ་བྱུང་གི་སློབ་མས་སློབ་གྲྭར་ཞུགས་ནས་ལོ་གཉིས་རིང་གཏན་འབེབས་ལ་གཞིགས་ཏེ་དགེ་འོས་ཆེད་ལས་ནང་བསྒྱུར་ཆོག མཐོ་སློབ་ཀྱིས་སློབ་ཡོན་དང་ཞག་སྡོད་དངུལ་ཕྱིར་སློག་བྱེད་པ་མ་ཟད། ད་དུང་ལྟོ་རིན་ཁ་གསབ་ཀྱང་ལེན་ཆོག་གི་ཡོད།

      དེ་མིན་མཐོ་སློབ་ཀྱི་དགེ་འོས་རིགས་ཀྱི་ཆེད་ལས་སློབ་མ་གཞན་གྱིས་རང་ཉིད་སྡོད་སའི་སློབ་གླིང་ལ་འབྲེལ་ཡོད་སྲིད་ཇུས་བློ་འདྲི་བྱེད་ཆོག

     08、དམག་ཞབས་ཐིམས་པའི་དམག་མིའི་སློབ་གསོའི་རོགས་དངུལ། 

     དམག་ཞབས་ཐིམས་ནས་ལོ་གཅིག་ཡན་སོང་བའི་རང་བརྟེན་ལས་ཞུགས་ཐུབ་པའི་དམག་ཞབས་ཐིམ་པའི་དམག་མི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མར་ཚུད་རྗེས་མཐོ་སློབ་ལ་སློབ་ཡོན་རོགས་དངུལ་རེ་ཞུ་བྱེད་ཆོག སློབ་མ་རེར་ལོ་རེར་སྒོར་8000ལས་བརྒལ་མི་རུང་། 

     09、གཞི་རིམ་ལས་ཞུགས་ཀྱི་སློབ་ཡོན་གསབ་སྤྲོད་དང་དངུལ་བུན་ཚབ་འཇལ། 

     ཀྲུང་དབྱང་པུའུ་ཁོངས་གཏོགས་ཀྱི་ལོ་འདི་གའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མས་རང་མོས་ངང་དབུས་ནུབ་རྒྱུད་དམ་ཡང་ན་དཀའ་ཚེགས་ཆེ་ལ་ས་ཐག་རིང་བའི་ས་ཁུལ་གྱི་གཞི་རིམ་ཚན་པར་ལས་ཀར་བསྐྱོད་པ་དང་། ཞབས་ཞུ་གྲུབ་ཡུན་ལོ་3མམ་དེ་ཡན་སོང་བར་སློབ་ཡོན་ཁ་གསབ་བམ་ཡང་ན་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་འཇལ་བྱེད་ཀྱི་ཡོད་ཅིང་། མི་རེར་ལོ་རེར་སྒོར་8000ལས་བརྒལ་མི་རུང་བ་དང་། ལོ་གསུམ་ལ་དབྱེ་ནས་ཁ་གསབ་བམ་ཡང་ན་ཚབ་འཇལ་བྱེད་ཀྱི་ཡོད། 

     ས་གནས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མས་རང་གནས་སའི་སློབ་གླིང་ལ་འབྲེལ་ཡོད་སྲིད་ཇུས་བློ་འདྲི་བྱེད་ཆོག

     10、དམག་སྐུལ་དང་ལེན་རིང་འོས་འགན་དམག་ཞབས་ཀྱི་རྒྱལ་ཁབ་རོགས་དངུལ།

     དམག་སྐུལ་དང་ལེན་རིང་འོས་འགན་དམག་ཞབས་ཀྱི་མཐོ་སློབ་སློབ་མར་རྒྱལ་ཁབ་རོགས་དངུལ་སྤྲོད་ཀྱི་ཡོད། རྒྱལ་ཁབ་ཀྱིས་སློབ་མ་སློབ་གྲྭར་སྡོད་རིང་སྤྲད་པའི་སློབ་ཡོན་ཁ་གསབ་བྱེད་པའམ་ཡང་ན། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་འཇལ་བྱེད་ཀྱི་ཡོད། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ(སློབ་མ་གསར་པ་ཚུད)དམག་མིར་ཞུགས་རིང་སློབ་གྲྭའི་སྐྱིད་སྡུག(སློབ་གྲྭར་ཞུགས་པའི་ཐོབ་ཐང)སོར་ཉར་བྱེད་པ་དང་། དམག་ཞབས་ཐིམས་རྗེས་སློབ་གྲྭར་བསྐྱར་ཞུགས(ཡང་ན་སློབ་གྲྭར་འགྲོ་འདོད)བྱེད་པར་སློབ་ཡོན་ཉུང་དུ་དང་རྩ་ཆག་གཏོང་རྒྱུ་ཡིན་ཞིང་། མི་རེར་ལོ་རེར་སྒོར་8000ལས་བརྒལ་མི་རུང་། 

     11、ཧྲི་ཀོན་དམག་མི་ཐད་ཀར་བསྡུ་བའི་རྒྱལ་ཁབ་ཀྱི་རོགས་དངུལ། 

     ཐད་ཀར་ཧྲི་ཀོན་དམག་མིར་བསྡུས་པའི་མཐོ་སློབ་སློབ་མར་རྒྱལ་ཁབ་ཀྱི་རོགས་དངུལ་རག་ཐུབ། རྒྱལ་ཁབ་ཀྱིས་སློབ་མ་སློབ་གྲྭར་སྡོད་རིང་བསྐྱལ་བའི་སློབ་ཡོན་ཁ་གསབ་བམ་ཡང་ན་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་འཇལ་བྱེད་རྒྱུ་དང་། མི་རེར་ལོ་རེར་སྒོར་8000ལས་བརྒལ་མི་རུང་།

ཤ་ཚའི་དྲན་སྐུལ།

     མཐོ་སློབ་སློབ་བསྡུའི་བརྡ་ཐོ་དང་མཉམ་དུ་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ངོས་འཛིན་བྱེད་པའི་རེ་ཞུའི་རེའུ་མིག་ཡོད་པས། དེ་ནི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མས་རོགས་དངུལ་རེ་ཞུ་བྱ་རྒྱུར་སྟབས་བདེ་སྐྲུན་པ་ཞིག་རེད། ཚང་མ་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བྱ་ཆེད། འདི་ལོ་ནས་བཟུང་རེའུ་མིག་ཐོག་ཐམ་ག་རྒྱག་མི་དགོས་པར། རང་ཉིད་ཀྱིས་ཁས་ལེན་བྱས་ཏེ་མིང་བཀོད་ན་འགྲིག ཐམ་ག་རྒྱག་མི་དགོས་རུང་། ཡིད་རྟོན་ཤོར་མི་རུང་། ཆ་འཕྲིན་རྫུན་མ་བཀོད་པ་ཤེས་ཚེ། རོགས་དངུལ་ལེན་རྒྱུའི་ཐོབ་ཐང་མེད་པ་བཟོ་རྒྱུ་དང་རང་ཉིད་ཡིད་རྟོན་ཡག་པོ་མེད་པའི་ཟིན་ཐོ་འགོད་རྒྱུ།

     ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མ་དང་། མ་མཐའི་འཚོ་བ་འགན་ལེན་བྱེད་པའི་ཁྱིམ་ཚང་གི་སློབ་མ། དམིགས་བསལ་དཀའ་ངལ་ཡོད་པའི་གསོ་སྐྱོང་སློབ་མ། དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་སློབ་མ། སྔོན་གཤེགས་དཔའ་བོའི་བུ་ཕྲུག དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་དབང་སྐྱོན་སློབ་མ་དང་། དེ་བཞིན་དབང་སྐྱོན་བུ་ཕྲུག་སོགས་ཀྱིས་འབྲེལ་ཡོད་ལག་འཁྱེར་དང་དཔྱད་གཞི་པར་སློག་བྱས་ནས་སློབ་གྲྭར་སྤྲད་ན་སློབ་གྲྭར་སླེབས་རྗེས་རོགས་དངུལ་རེ་ཞུ་སྟབས་བདེ་རུ་འགྲོ་ཐུབ།