རེབ་གོང་ས་ཁུལ་གྱི་དྲུག་པའི་ཀླུ་རོལ་གཟིགས་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-23   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        བོད་མི་རིགས་ནི་དམངས་སྲོལ་རིག་གནས་ཀྱིས་ཕྱུག་པའི་མི་རིགས་ཤིག་ཡིན། དམངས་སྲོལ་རིག་གནས་ཀྱི་བྱེ་བྲག་རེབ་གོང་གསེར་མོ་ལྗོངས་ཀྱི་དྲུག་པའི་ཀླུ་རོལ་ནི་མདོ་སྨད་ཡུལ་དུ་མིང་གྲགས་ཧ་ཅང་ཆེ་བའི་དུས་ཆེན་ཞིག་ཡིན།

        ཟླ་7ཚེས་20ཉིན་གྱི་སྔ་དྲོར། རྨ་ལྷོ་ཚགས་པར་ཁང་གི་བཀོད་སྒྲིག་ལྟར་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་པའི་སྨྱན་སྦྱོར་འཐུས་མི་རེབ་གོང་ས་དཀྱིལ་གྲོང་ཚོར་དྲུག་པའི་ཀླུ་རོལ་སྐོར་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།  དྲུག་པའི་ཀླུ་རོལ་ནི་སྔར་གྱི་སྲོལ་བཞིན་ཧོར་ཟླ་6ཚེས་17ཉིན་ནས་བཟུང་སྟེ་ཚེས་26བར་ས་དཀྱིལ་གྲོང་ཚོ་ནས་འགོ་བཙུགས་ཏེ་གྲོང་ཚོ་སོ་སོར་རིམ་པ་བཞིན་སྤེལ་གྱི་ཡོད། དེའི་རིང་གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ཇ་ཆང་འོ་མ་སོགས་འདོད་རྒུའི་ལོངས་སྤྱོད་ཀྱིས་ཡུལ་ལྷ་གཞི་བདག་གསོལ་གྱི་ཡོད།

        རིན་ཆེན་ནི་རེབ་གོང་དུ་འཚར་ལོངས་བྱུང་ཞིང་། ཆུང་དུས་ནས་དྲུག་པའི་ཀླུ་རོལ་ལ་དགའ་བའི་ཕོ་གསར་ཞིག་ཡིན་པ་དང་། བྱེད་སྒོར་ཐེངས་མང་ཞུགས་མྱོང་ཡོད། ཁོང་གིས “རང་ཉིད་བྱིས་པའི་དུས་ནས་དྲུག་པའི་ཀླུ་རོལ་ལ་སྤྲོ་བ་རབ་ཏུ་འཕེལ་ཞིང་། ལོ་ལྟར་དུས་ཚོད་ཡོད་རིམ་བཞིན་བྱེད་སྒོར་ཞུགས་ཀྱི་ཡོད། དྲུག་པའི་ཀླུ་རོལ་གྱི་ཆོ་ག་སྤེལ་དོན་ཡང་། ཆར་ཆུ་དུས་སུ་འབབ་པ། སད་དང་ཐན་སྐྱོན་མ་ཡོང་བར་ལོ་ཕྱུགས་རྟག་ཏུ་ལེགས་པའི་ཆེད་དུ་ཡིན ”ཞེས་གསར་འགོད་པར་བཤད་བྱུང་།

        ཧོ་པེ་ནས་ཡོང་བའི་ཡུལ་སྐོར་བ་ཁཱང་གིས“རང་ཉིད་ད་ཐེངས་དྲུག་པའི་ཀླུ་རོལ་ལ་ཞུགས་ཐེངས་དང་པོ་ཡིན། དྲུག་པའི་ཀླུ་རོལ་ཁ་ས་ནས་འགོ་ཚུགས་སོང་། སང་ཉིན་ས་དཀྱིལ་གྲོང་ཚོའི་བྱེད་སྒོ་ཚར་རྗེས་མུ་མཐུད་ནས་གྲོང་ཚོ་གཞན་གྱི་ཀླུ་རོལ་བྱེད་སྒོར་ཞུགས་ཀྱི་ཡིན། ད་ཆ་ཏང་གི་སྲིད་ཇུས་བཟང་པོའི་འོག་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གང་ལེགས་བྱུང་འདུག དྲུག་པའི་ཀླུ་རོལ་གྱིས་བདག་ལ་བག་ཆགས་ཟབ་མོ་བཞག་བྱུང”ཞེས་གསར་འགོད་པར་བཤད་བྱུང་།

     རེབ་གོང་གསེར་མོ་ལྗོངས་ཀྱི་དྲུག་པའི་ཀླུ་རོལ་ནི་རང་རེའི་ཕ་མེས་ཡང་མེས་བརྒྱུད་ནས་བྱུང་བའི་དམངས་ཁྲོད་ཀྱི་རིག་གནས་ཤིག་ཡིན་པས་སྨྱན་སྦྱོར་འཐུས་མིས་པར་ལེན་དང་། བརྙན་ལེན་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བཅར་འདྲི་གང་ལེགས་བྱས། ད་ཆ་རེབ་གོང་ཀླུ་རོལ་ནི་གཟུགས་དང་གྲིབ་མ་ཇི་བཞིན་རེབ་གོང་རིག་པའི་འབྱུང་གནས་ཀྱི་མང་ཚོགས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཆགས་ཡོད།