རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་ཚོགས་འདུ་སྐབས་19བ་རེབ་གོང་ནས་གྲོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་19བར་ཞུགས་པའི་བོད་ལྗོངས་དང་སི་ཁྲོན།མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཀྱི་སྨྱན་སྦྱོར་ལས་རིགས་པ་70ལྷག་གིས་ཉིན་བཞི་རིང་ལ་ཕན་ཚུན་བསམ་བློ་བརྗེ་རེས།གསར་འགྱུར་ལེགས་ཤོས་དཔྱད་བདམས། བརྡ་ཆད་གསར་བ་གཏན་འཁེལ། ཡུལ་དངོས་ནས་བཅར་འདྲི་སོགས་བྱས་ཏེ།ཚེས་22ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་ཧོང་ཧྥུང་ཏི་མགྲོན་ཁང་ཆེན་མོའི་ཚོགས་ཁང་ནས་བདེ་བླག་ངང་གྲོལ།

        བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་ཚོགས་འདུའི་གཙོ་འགན་ཁུར་བ་དང་།སྐབས་འདིའི་ཚོགས་འདུ་གྲོལ་བའི་མཛད་སྒོར་མཚོ་སྔོན་ཉིན་རེའི་གསར་འགྱུར་ཁང་གི་ཏང་ཙུའུ་ཁོངས་མི།སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན་གྱིས་ཕྱོགས་བསྡོམས་ཀྱི་གཏམ་བཤད། གྲོས་ཚོགས་ཀྱི་ཟིན་ཐོ་བསྒྲགས་ཤིང་དེ་ལ་གྲོས་འཆམ་བྱུང་།

        སྐབས་འདིའི་ཚོགས་འདུར་སྨྱན་སྦྱོར་ལས་ཁུངས་སོ་སོ་ནས་བསྐུར་བའི་གསར་འགྱུར་ལེགས་ཤོས་སོགས་རྩོམ་303འབྱོར་ཡོད་ཅིང་དེ་དག་ལས་བདམ་ཐོན་བྱུང་བའི་གསར་འགྱུར་ལེགས་ཤོས་དང་དཔྱད་རྩོམ་ལེགས་ཤོས་སོགས་ཀྱི་རྩོམ་ལེགས་ཤོས་230ལ་བྱ་དགའ་སྟེར་བ་རེད།  དེའི་ཁྲོད་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་པདྨ་ཚེ་རིང་གིས་བྲིས་པའི་མྱི་ཟུར་ནས་ཐོན་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ཅེས་པར་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། པདྨ་ཚེ་རིང་དང་ཚེ་རིང་སྒྲོལ་མས་རྩོམ་སྒྲིག་གནང་བའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་པར་ངོས་ལ་པར་ངོས་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། པདྨ་ཚེ་རིང་དང་པདྨ་མཚོས་བྲིས་པའི་གྲོན་ཆུང་བྱེད་པ་ནི་སྤྱོད་བཟང་ཞིག་ཡིན་ལ་ལྷག་ཏུ་འགན་འཁུར་ཞིག་ཀྱང་ཡིན་ཞེས་པར་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། པདྨ་ཚེ་རིང་དང་པདྨ་མཚོས་བྲིས་པའི་རྒན་པོ་སུང་དབྱི་ཧྲན་གྱིས་བཅོས་སྒྱུར་སྒོ་འབྱེད་ལས་བྱུང་བའི་འཕོ་འགྱུར་ཆེན་མོ་བཤད་པ་ཞེས་པར་བསྒྱུར་རྩོམ་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། པདྨ་ཚེ་རིང་དང་སྒྲོལ་མ་གཡང་མཚོ།  རིན་ཆེན་ཚེ་རིང་བཅས་ཀྱིས་བྲིས་པའི་བོད་ཀྱི་ཡིག་གཟུགས་མཁས་ཅན་དཔག་བསམ་དོན་གྲུབ་ཅེས་པར་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། པདྨ་ཚེ་རིང་དང་སྒྲོལ་མ་གཡང་མཚོ། ཚེ་རིང་དོན་འགྲུབ་བཅས་ཀྱིས་རྩོམ་སྒྲིག་གནང་བའི་2018ལོའི་ཟླ་11པའི་ཚེས་22ཉིན་གྱི་པར་ངོས་ལ་པར་ངོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། པདྨ་ཚེ་རིང་དང་པདྨ་མཚོ་གཉིས་ཀྱིས་རྩོམ་སྒྲིག་གནང་བའི་2018ལོའི་ཟླ་10པའི་ཚེས19ཉིན་གྱི་པར་ངོས་ལ་པར་ངོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། ཚེ་རིང་དོན་འགྲུབ་ཀྱིས་བྲིས་པའི་རྡོ་མཁར་རྫོང་དུ་མི་ཚོགས་སྟོང་གི་གསོལ་སྟོན་ཤིག་བཤམས་འདུག་ཅེས་པར་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།   ཚེ་རིང་སྒྲོལ་མས་བྲིས་པའི་དཔེ་ཆ་ཞིག་གིས་གྲོང་ཚོ་ཞིག་གི་རིག་གནས་གཏམ་རྒྱུད་བཤད་པ་ཅེས་པར་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།  ཚེ་རིང་དོན་འགྲུབ་ཀྱིས་བྲིས་པའི་རེབ་གོང་གོ་རེ་ཞེས་པར་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གསུམ་པ་བཅས་ཐོབ་ཡོད།

ལས་བྱེད་པས་གསར་འགྱུར་ལེགས་ཤོས་དཔྱད་བདམ་གནང་བཞིན་པ།

    སྐབས་འདིའི་ཚོགས་འདུ་ལས་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་20བའི་སྒྲུབ་འགན་ནི་མཚོ་ལྷོ་ཚགས་པར་ཁང་དང་ཡོངས་འཛིན་གྱིས་ཁུར་ཐག་བཅད་པ་རེད།

        སྐབས་འདིའི་ཚོགས་འདུར་སྨྱན་སྦྱོར་ལས་ཁུངས་སོ་སོ་ནས་བསྐུར་བའི་བརྡ་ཆད་གསར་བ་81གཅིག་གྱུར་བྱས་ནས་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་ཁོངས་སུ་བེད་སྤྱོད་བྱེད་རྒྱུ་རེད། དེ་མིན་རེབ་གོང་དྲུག་པའི་ཀླུ་རོལ་དང་རེབ་གོང་སྒྱུ་རྩལ་དཔེ་སྟོན་དུད་ཁྱིམ། ཀླུ་སྒྲུབ་སྒྱུ་རྩལ་གླིང་།རིག་འབྱུང་རེབ་གོང་སྒྱུ་རྩལ་བརྒྱུད་སྦྱོང་ལྟེ་གནས། ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་སོགས་ལ་དངོས་སུ་སོང་སྟེ་བཅར་འདྲི་བྱས་སོ།།