བོད་ལུགས་གསོ་རིག་ལས་བད་ཀན་མགུལ་ནད་སྔོན་འགོག་བྱ་ཚུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-22   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        སྤྱིར་དེང་གི་དུས་འདིར་འཚོ་བ་འཕེལ་རྒྱས་སོང་བ་དང་བསྟུན་ནས་མི་ཚོགས་ཕལ་ཆེར་གྱིས་ཤ་རིགས་དང་ཆང་རག རྫས་འགྱུར་གྱི་ལྷད་འདྲེས་པའི་ཟས་སྐོམ་སོགས་བསྟེན་ཆེ་བ་དང་། ཁྱད་པར་དུ་མདོ་དབུས་མཐོ་སྒང་ས་ཁུལ་དུ་འཚོ་བའི་གོམས་གཤིས་ཀྱི་དབང་གིས་ཟས་རྩམ་ཡིབ་པ་དང་། ཤ་ཐུད་རུལ་བ། རྒྱུ་ཁྲག་མ་སྨིན་པའི་རིགས་ཟ་བ། ཚིག་ཧྲོག་གི་རིགས་དང་ཇ་སྣུམ་འཚིག་སོང་བ། གྱོང་པོའི་རིགས་རྣམས་བསྟེན་རྒྱུ་དགའ་བ་བཅས་ཟས་སྐོམ་གྱི་བསྟེན་ཚུལ་རྒྱུན་ལྡན་མིན་པའི་རྐྱེན་གྱིས་འཛམ་གླིང་ཐོག་བྱུང་ཚད་མཐོ་ཞིང་གསོ་བཅོས་དཀའ་བ། འཆི་ཚད་མཐོ་བའི་བད་ཀན་མགུལ་འགགས་ཀྱི་ནད་གཞི་འབྱུང་མང་བར་མཐོང་ལ། ནད་ཐོག་གི་སྟེང་དུ་ཡང་བད་ཀན་མགུལ་འགགས་ཀྱི་ནད་འདིར་གསོ་བཅོས་ཐུབ་པའི་སྨན་པ་མང་པོ་ཞིག་མཐོང་མ་ཐུབ་པས་ཐོག་མར་ནད་ཀྱི་རྒྱུ་རྐྱེན་ལ་གསལ་རྟོགས་བྱུང་རྗེས་མ་འོངས་སྔོན་འགོག་གི་བྱ་བ་བསྒྲུབ་རྒྱུ་ནི་གལ་ཆེ་བར་བསམ་སྟེ་འདིར་མདོར་བསྡུས་ཀྱི་སྔོན་འགོག་གི་བྱ་ཐབས་ཙམ་བཤད་པར་བྱ་བ་ལ།

        གཅིག བད་ཀན་མགུལ་འགགས་ནད་ཀྱི་མཚན་ཉིད།

        སྤྱིར་བད་ཀན་ཞེས་པ་ནི་ངོ་བོའི་སྒོ་ནས་བཏགས་པའི་ལུས་ཀྱི་ས་ཆུའི་ཁམས་གཙོ་བོར་གྱུར་བ་ཞིག་གི་མིང་སྟེ། བད་ཅེས་ཆུ་དང་ཀན་ཞེས་ས་ཡི་ཁམས། འདོམས་པས་བད་ཀན་ཞེས་བཤད་པ་ལྟར་ངོ་བོ་ལྕི་རྟུལ་བསིལ་བ་སོགས་མཚན་ཉིད་བདུན་ལྡན་ཐ་མལ་དུ་གནས་པའི་ལུས་ཀྱི་ས་ཆུའི་ཁམས་རང་བཞིན་པའི་སྤྱི་མིང་ལ་བད་ཀན་ཞེས་བཏགས་པ་དང་། དེ་རྣམ་པར་གྱུར་ཚེ་བད་ཀན་གྱི་ནད་དུ་བཤད་པ་ལྟར། བད་ཀན་གྱི་ནད་རིགས་དག་ལས་བད་ཀན་མགུལ་འགགས་ཞེས་པ་ནི་ནད་ཀྱི་རྟགས་ལ་བལྟོས་ནས་བཏགས་པའི་ནད་ཀྱི་མིང་སྟེ། ཁ་ནས་ཕོ་བའི་མཚམས་ཀྱི་གནས་མི་འདྲ་བར་ནད་གཞི་བྱུང་ཚེ་ནད་རྟགས་ཕལ་ཆེར་མིད་པ་མི་བདེ་བ་དང་ཟས་སྐོམ་མིད་དཀའ་བ། སྡུག་ཏུ་སོང་ཚེ་ཟས་སྐོམ་བཅས་འགགས་ནས་མི་ཐར་བར་འགྱུར་བའི་ཕྱིར་འདི་ལ་མིང་གི་རྣམ་གྲངས་སུ་གྲེ་ཐོགས་དང་མིད་འཆུས། སྤུ་ཐོག སྐེ་ཆིངས། གྲེ་འགགས། ཕོ་ཐོག་ཅེས་མང་བོ་ཡོད་ཅིང་། ངོ་བོ་ནི་ཕོ་བ་དང་བྲང་། གློ་བ་རྣམས་སུ་བད་ཀན་རྒྱས་ཏེ་རླངས་པ་གློ་ཡུ་མིད་པའི་སྦུབས་སུ་བསགས་པ་ནི་དོང་བའི་ལོགས་ལ་ཟོ་ཤ་ཆགས་པ་ལྟར་གྱུར་བས་མིད་པ་འཆུས་ནས་ཟས་མིད་དཀའ་བ་དང་། དབུགས་ཀྱི་འབྱིན་རྔུབ་དཀའ་བ། མཐར་ལུས་ཀྱི་ཤ་སྐམ་ཞིང་སྟོབས་འཆོར་བ། ཕོ་བར་ཟས་སྐོམ་མ་སོང་བས་ཕོ་ནང་ཆ་ནས་རུབ་སྟེ་མཐར་སུབས་ནས་བཅོས་དཀའ་ཞིང་འཆི་བར་འགྱུར་བའི་ནད་གཞི་གདུག་པ་ཅན་ཞིག་སྟེ། འདི་ལ་རྒྱུད་ལས། བད་ཀན་མགུལ་འགགས་ཞེས་པ་ཕོ་བ་དང་། །བྲང་དང་གློ་བར་བད་ཀན་རྒྱས་པ་ཡིས། །བད་ཀན་རླངས་པ་གློ་ཡུ་མིད་པར་ཆགས། །དཔེར་ན་དོང་པའི་ལོགས་ལ་ཟོ་ཆགས་འདྲ། །དེས་རྐྱེན་མིད་པ་འཆུས་ནས་ཟས་མིད་དཀའ། །དབུགས་རྔུབ་མི་བདེ་ཤ་སྐམ་ལུས་སྟོབས་འཆོར། །ཟས་སྐོམ་མེད་པས་ཕོ་བ་ཆ་ནས་རུབ། །མཇུག་ཏུ་མིད་པ་འགགས་ནས་འཆི་བ་ཡིན། །ཞེས་གསུངས་པ་ལྟར་རོ། །

        གཉིས། ནད་གཞི་སྤྱིའི་སྔོན་འགོག་བྱ་ཐབས།

        དེ་ཡང་རྒྱུད་ལས། ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླང་ལས་འབྱུང་། །རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད། །དེ་ཕྱིར་ནད་རྣམས་ཀུན་གྱི་རྐྱེན་སྤང་བྱ། །ཞེས་པ་ལྟར། རྣམ་པར་གྱུར་བའི་ནད་ཀུན་ཀྱང་ལུས་ཁམས་སུ་རང་བཞིན་དུ་གནས་པའི་ཉེ་རིང་གི་རྒྱུ་དེ་དག་ལས། དུས་དང་གདོན། ཟས། སྤྱོད་ལམ་སྟེ་ནད་ཀུན་གྱི་རྐྱེན་ཆེན་པོ་བཞི་དེ་དག་གང་རུང་དང་ཕྲད་པ་དེས་བསླངས་པ་ལས་བྱུང་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འབྲས་བུ་འབྱུང་རུང་བའི་རྒྱུ་དངོས་སུ་ཡོད་ཀྱང་གལ་ཏེ་རྐྱེན་དང་མ་ཕྲད་ཚེ་རྒྱུ་ལས་འབྲས་བུ་འབྱུང་བ་ནི་གཏན་ཚིགས་དང་འགལ་བའི་ཕྱིར། དུས་དང་རྣམ་པ་ཀུན་ཏུ་ནད་རིགས་ལྡང་ཞིང་སློང་བར་འགྱུར་བའི་རྐྱེན་མཐའ་དག་ཤེས་རྟོགས་ཐུབ་པ་དང་དོགས་ཟོན་ཆེར་སྐྱེད་ཀྱིས་རྐྱེན་སྤང་བ་ལ་བརྩོན་པར་བྱས་ན་སྤྱིར་ནད་མི་འབྱུང་བར་བདེ་བར་གནས་པ་དང་། རིང་དུ་འཚོ་བར་བརྟེན་རྐྱེན་དེ་དག་སྤང་ཞིང་སྲུང་བའི་ཐབས་སུ་ཡང་རྒྱུད་ལས། དུས་དང་དབང་བོ་སྤྱོད་ལམ་རོ་ནུས་རྣམས། །དམན་དང་ལོག་པ་ལྷག་པས་ནད་སྐྱེད་ལ། །ཡང་དག་སྦྱོར་བ་ནད་མེད་གནས་པའི་རྒྱུ། །དེ་ཕྱིར་སྤྱོད་ལམ་ཟས་སྨན་རྣམ་གསུམ་པོ། །ཡང་དག་བསྟེན་པས་ནད་མེད་བདེར་གནས་འགྱུར། །ཞེས་གསུངས་པ་ལྟར་རོ། །

        གསུམ། ཟས་ཀྱི་སྔོན་འགོག་བྱ་ཐབས།

        བོད་ལུགས་གསོ་རིག་ལས་ལུས་ཀྱི་ནད་རིགས་མི་ཉུང་བ་ཞིག་འབྱུང་བའི་རྐྱེན་ནི་ཟས་སྐོམ་གྱི་བསྟེན་ཚུལ་མི་ལེགས་པ་ལས་འབྱུང་བར་ངོས་འཛིན་པས། ཟས་སྐོམ་ལས་བྱུང་བའི་ནད་རིགས་དེ་དག་སྔོན་འགོག་གི་ཕྱིར་གང་དག་བསྟེན་རུང་མིན་ཤེས་ཤིང་མཁས་པ་ནི་གལ་ཆེ་ཞིང་ཤིན་ཏུ་གཅེས་པས་བད་ཀན་མགུལ་འགགས་ཀྱི་ནད་གཞིར་ཡང་དེ་ལས་མ་འདས་པས། ཟས་སྐོམ་གང་དག་བསྟེན་རུང་མིན་ལ་མཁས་པར་བྱ་རྒྱུ་ནི་གལ་ཆེ་བས་སོ་སོ་ནི་འདི་ལྟར། བསྟེན་མི་རུང་བ་ནི་བོད་ཀྱི་གཞུང་འགྲེལ་དག་ལས་གསུངས་པ་བཞིན། ཟས་རྩམ་ཡིབ་པ། ཤ་ཐུད་རུལ་བ། རྒྱུ་ཁྲག་མ་སྨིན་པའི་རིགས། ལུག་ཤ་རྙིང་པ། ཚིག་ཧྲོག་གི་རིགས། ཇ་སྣུམ་འཚིག་སོང་བ། གྱོང་པོའི་རིགས། རུལ་སུངས་དང་མ་སྨིན་པའི་ཤ་ཟས། ཤ་སྐམ་པོ། ཇ་ཚ་བོ། རྟ་ཤ་དང་རྔ་བྲན་ཤ ནད་ཤ ཤ་བའི་ཤ ཨ་བྲ་ན་ཆུང་ཤ ཆང་སྐྱུར། འོ་ཞོ་རུལ་བ། མར་རྙིང། སྔོ་ངད། རི་དྭགས་ཤ དུག་ལྡན་གྱི་ཟས་བཅས་མདོར་ན་རོ་ཚ་སྐྱུར་གྱི་རིགས་དང་། ངོ་བོ་རྙིང་པ་དང་གྱོང་པོའི་རིགས། མ་སྨིན་པའི་རིགས་བཅས་སྤང་དགོས་པ་ལས། དུས་ཀུན་ཏུ་ཕོ་བའི་མེ་དྲོད་དང་སྦྱར་ཏེ་ལྟོ་བའི་ཆ་གཉིས་ཟས་ལ་ཆ་གཅིག་སྐོམ་ཞེས་པ་ལྟར་ཚད་བཞིན་དུ་ཟས་རྣམས་ཀྱི་ལྕི་ཡང་ཚད་ལས་དཔག་སྟེ། ཡང་ཞིང་འཇུ་སླ་བའི་རིགས་རྣམས་ལྟོ་བ་འགྲངས་ཙམ་དང་། ལྕི་ཞིང་འཇུ་དཀའ་བའི་རིགས་རྣམས་ལྟོ་བ་ཕྱེད་འགྲངས་ཙམ་བསྟེན་ནས་བདེ་བླག་ངང་འཇུ་སླ་བར་ཚོད་འཛིན་བྱ་དགོས། གཞན་བསྟེན་རུང་བའི་ཟས་རིགས་ནི་གོང་ལས་ལྡོག་སྟེ་འོ་མ་དང་མར། ཞོ་བཅས་གསར་བ། སྐོམ་ཆུ་དྲོད་འཇམ། ཤ་སོགས་འཚོས་པ་ཡང་ཞིང་འཇུ་སླ་བའི་རིགས། སིལ་ཏོག་དང་སྔོ་ཚོད་བཅས་རྫས་འགྱུར་གྱི་རིགས་མ་འདྲེས་པ་སྨིན་པའི་རིགས་བཅས་བསྟེན་དགོས་སོ། །

        བཞི། སྤྱོད་ལམ་གྱི་སྒོ་ནས་སྔོན་འགོག་བྱ་ཐབས།

        བོད་ལུགས་གསོ་རིག་གི་གཞུང་དུ་ནད་རིགས་འདི་ཡང་ཕྱི་རོལ་རང་བྱུང་འབྱུང་བའི་འགྱུར་ལྡོག་དང་མིའི་ལུས་ཀྱི་མཚན་ཉིད་གཉིས་བར་མ་འཕྲོད་པ་དང་། ཡང་ན་རང་རང་གི་སྤྱོད་ལམ་ཡང་མ་དག་པ། གཞན་རང་བྱུང་གི་གནོད་འཚེ་དང་ཚེ་སྔོན་གྱི་ཚོགས་བསགས་སོགས་ཀྱི་རྐྱེན་ལས་འབྱུང་བཞིན་ཡོད་སྟབས། ནད་འདི་མི་འབྱུང་བའི་སྔོན་འགོག་བྱ་ཐབས་སུ་བོད་ལུགས་གསོ་རིག་གི་གཞུང་དུ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་རྒྱུན་སྤྱོད་དང་དུས་སྤྱོད། གནས་སྐབས་ཀྱི་སྤྱོད་ལམ་གསུམ་ཡོད་པ་བཞིན། དུས་རྒྱུན་དུ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་རྩོལ་བཅག་རན་ཙམ་བྱ་བ་ལས་དེང་གི་དུས་འདིར་ཚད་མཐོའི་ཚན་རིག་གི་རང་བཞིན་ལྡན་པའི་རིན་པོ་ཆེའི་རིགས་དབང་སྔོན་དང་གཡུ། གསེར་དངུལ་སོགས་མགུལ་དང་སྤྱི་བོར་གདགས་ནས་ནད་གཞི་བསྲུང་བ་དང་། དུས་དྲུག་གི་ཁམས་དང་བསྟུན་ནས་ཟས་སྨན་བསྟེན་པ་དང་ལས་ལ་འཇུག་པ། གཞན་གནས་སྐབས་ཀྱི་སྤྱོད་ལམ་བཀྲེས་པ་དང་། སྐོམ་པ། སྐྱུག་པ། གཡལ་བ། སྦྲིད་པ། དབུགས། གཉིད། ལུད་པ། མཆི་མ། བཤང་གཅི་འགོག་པ་བཅས་ཀྱང་བགག་པར་བྱ་མི་རུང་། དེ་མིན་གཞུང་འགྲེལ་དག་ལས་གསུངས་པ་བཞིན། དམེ་རྨུགས་མཛེ་ཕོ་མཛེ་མོ་ཡུགས་ས་མ། །ནལ་མ་དྲང་ཤལ་ཉལ་པོ་ཤིན་ཏུ་སྤང་། །ཞེ་སྡང་འཁོན་འཛིན་མྱ་ངན་ཆེས། །རྐྱེན་ལས་ནད་འདི་བྱུང་བ་མང་། །ཞེས་དམེ་ཅན་དང་། མཛེ་ཅན། ནལ་མ་བཅས་དང་འཁྲིག་པ་སྤྱོད་མི་རུང་བ་མ་ཟད། ཟས་གྲིབ་དང་། གོས་གྲིབ། ཕོར་གྲིབ་བཅས་གྲིབ་རིགས་དང་། ཞེ་སྡང་ལངས་པ་དང་འཁོན་འཛིན་བྱེད་པ། མྱ་ངན་ཆེ་བ་བཅས་ལ་ཡང་འཛེམ་དགོས་སོ། །

        ལྔ། སྨན་གྱི་སྒོ་ནས་སྔོན་འགོག་བྱ་ཐབས།

        ནད་གཞི་འདི་ཟས་དང་སྤྱོད་ལམ་གྱི་སྒོ་ནས་སྔོན་འགོག་བྱ་དགོས་པ་ལས་སྨན་གྱི་སྒོ་ནས་ཀྱང་སྔོན་འགོག་བྱ་བར་བརྩོན་དགོས་ཏེ། ནད་འདིའི་ཐོག་མར་ཕོ་བའི་གནས་ཀྱི་བད་ཀན་བེ་སྣབས་འཕེལ་ནས་ཟས་སོགས་འཇུ་མི་ནུས་པར་དང་ག་མི་བདེ་ཞིང་ཟས་དང་ཆུ་སྐྱུར་སྐྱུགས་པའི་སྐབས་སུ་སེ་འབྲུ་དྭངས་གནས་དང་། ཞི་བྱེད་དྲུག་པ། དྭངས་བཙོ། བཙོ་བཀྲུ་ཟླ་ཤེལ་བཅས་ན་ལུགས་དང་སྦྱར་ནས་བསྟེན་རྒྱུ་དང་། མིད་པ་ཚ་ཞིང་མི་བདེ་བ། དབུགས་ཀྱི་འབྱིན་རྔུབ་དཀའ་བའི་སྐབས་སུ་ལི་ཁྱུང་དང་། རྒ་སྤང་། མན་ངག་བསིལ་སྦྱོར་བཅས་སྐབས་བསྟུན་བྱེད་པ། གཞན་སྔགས་དང་ཆོ་ག་སོགས་ཀྱི་སྒོ་ནས་ཡང་བསྲུང་ཆོག་སྟེ། དཔེར་ན། ནད་གཞི་འབྱུང་བའི་མངོན་རྟགས་ཙམ་ཡོད་ཚེ་གསུང་རབ་ཀློག་འདོན་དང་དཀྱིལ་འཁོར་ཞལ་བསྒྱུར་ཚ་ཚ་མཆོད་གཏོར་ཆུ་སྦྱིན་སོགས་རིམ་གྲོ་ཡི་སྒོ་ནས་བཟློག་པར་བྱ་དགོས་སོ།