མདོ་སྨད་ཡུལ་གྱི་རྫོང་ཆེན་བཞི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-15   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲྭ་བ།

               

                                             

                                      བྲག་དཀར་སྤྲེལ་རྫོང་།

  སྤྲེལ་རྫོང་དགོན་པ་ནི་མཚོ་སྔོན་ཞིང་ཆེན་ཞིན་ཧེ་རྫོང་གི་བྲག་དཀར་སྤྲེལ་རྫོང་དུ་ཆགས་ཡོད། ས་དེའི་དབྱིབས་ནི་རྒྱང་རིང་ནས་བལྟས་ན་གླང་ཆེན་ཆུ་འཐུང་ཞིག་དང་མཚུངས་ཤིང་། སྣ་ཞགས་དགོན་པའི་མདུན་རོལ་གྱི་ལུང་པའི་ནང་དུ་བསྲིངས་འདུག  འདི་ནི་མདོ་སྨད་ས་ཁུལ་གྱི་གནས་མཆོག་འགངས་ཆེན་ཞིག་ཡིན། ས་དེ་གའི་རི་མགོ་ཐམས་ཅད་ཤུག་སྡོང་དང་ཐང་ཤིང་བྲག་ཕུག་རི་སུལ་བཅས་ཀྱིས་མཛེས་པར་བརྒྱན་ཡོད་པར་བརྟེན་ནས་ངོ་མཚར་ཆེ་བའི་ས་མིང་དང་ངག་རྒྱུན་སྣ་ཚོགས་པ་ཞིག་ཡོད། དཔེར་ན་བྲག་དཀར་སྤྲེལ་རྫོང་ལམ་དུ་བཀྲ་ཤིས་ངོས་དང་འདོད་འཇོ་བ་མོའི་རྨིག་རྗེས། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག  རྗེ་རིན་པོ་ཆེའི་སྐུ་ངལ་གསོ་ས། གཤིན་རྗེ་ལུང་པ། བཙུན་མོ་ལུང་བ་སོགས་ཡོད་ལ། ས་མིང་དེ་དག་ལའང་རང་ལ་འཚམ་པའི་ངག་རྒྱུན་འགྲེལ་བཤད་རེ་ཡོད་པས། དངོས་གནས་རང་བྱུང་མཛེས་ལྗོངས་ཏེ་མིག་གི་ལོངས་སྤྱོད་དང་། ངག་རྒྱུན་གཏམ་རྒྱུད་དེ་ཡིད་ཀྱི་ལོངས་སྤྱོད། ནང་བའི་དགོན་པ་སྟེ་དད་མོས་ཀྱི་ལོངས་སྤྱོད་སོགས་ལོངས་སྤྱོད་སུམ་འཛོམས་ཀྱི་གནས་མཆོག་ཅིག་ཡིན།

  སྔོན་ཆད་བྲག་དཀར་སྤྲེལ་རྫོང་དུ་མཚམས་ཁང་ཞིག་ཡོད་པ་དེར་མཇལ་བ་རྒྱུན་མི་ཆད་པར་མཚམས་སྡོད་དུ་འོངས།  1917ལོར་ཨ་མཆོག་སྡེ་བས་ཡོན་བདག་བྱས་ཏེ་རེབ་གོང་རོང་བོ་དགོན་པའི་སྤྲུལ་སྐུ་ཕྱོགས་ཨ་རོལ་ཚང་གདན་དྲངས་ནས་སྤྲེལ་རྫོང་དགོན་པ་འདེབས་གྲབས་མཛད་ཅིང་། 1922ལོར་སྤྲེལ་རྫོང་དགོན་འདེབས་འགོ་བརྩམས། 1953ལོར་སྤྲེལ་རྫོང་དགོན་པ་མདོ་སྨད་ཀྱི་དགོན་པ་ཆེ་གྲས་ཤིག་ཏུ་གྱུར། དགོན་པར་བྱམས་ཁང་དང་། ཚོགས་ཆེན་འདུ་ཁང་། དུས་འཁོར་མཆོད་རྟེན་སོགས་བཟོ་བཀོད་ཆེན་པོ་བཅུ་བདུན་དང་གྲྭ་ཤག་གྱན་ཆིག་སྟོང་བརྒྱད་ཅུ་གྱ་དྲུག་ཡོད་སྐད།

  སྤྲེལ་རྫོང་དགོན་པ་ལ་བུ་དགོན་བརྒྱ་ལྷག་ཡོད་ཅིང་། བུ་དགོན་གྱི་ཁྲི་ཕལ་ཆེ་བ་སྤྲེལ་རྫོང་དགོན་པས་མངགས་དགོས། སྤྲེལ་རྫོང་དགོན་པ་ལ་གྲྭ་བ་ཆེས་མང་དུས་དགོན་བདག་གཅིག    ཁྲི་བ་གཉིས།  སྤྲུལ་སྐུ་ཉི་ཤུ།  གྲྭ་བ་བཞི་བརྒྱ་དང་བདུན་ཅུ་ལྷག་ཡོད། དགོན་པ་བཞེངས་བ་ལ་རེབ་གོང་ཕྱོགས་ཀྱི་ལྷ་བཟོ་དང་ཕྱིའི་ཕྱོགས་ཀྱི་ལྷ་བཟོ་གདན་འདྲེན་བྱས་ནས། ཕྱིའི་བཟོ་བཀོད་ཀྱི་ཐད་ནས་བཤད་ན་གསེར་འོད་འབར་བའི་རྒྱ་ཕིབས། གསེར་ཏོག་རྒྱལ་མཚན། མུ་ཏིག་ས་ལ་བཀྲམ་པ་ལྟ་བུའི་གྲྭ་ཤག་སོགས་ཀྱིས་དགོན་པའི་བརྗིད་ཉམས་མཚོན་པར་མ་ཟད། ནང་རྟེན་གྱི་ཐད་ནས་སྟོན་པའི་སྐུ་དང་། སློབ་དཔོན་གྱི་སྐུ། རྗེ་སྐུ། ཨ་རོལ་ཚང་གི་འདྲ་སྐུ་བཞེངས་པ་སོགས་བྱོན་ལེགས་བསམ་གྱིས་མི་ཁྱབ་པ་ཡིན་ལ། གྱན་ཐང་དང་ལོགས་རིས་སོགས་སུ་བྲིས་པའི་སྟོན་པའི་འཁྲུངས་རབས་དང་། སྲོག་ཆགས་དང་རི་ཆུའི་རི་མོ་སོགས་ལའང་མཛེས་སྡུག་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་ཉམས་ལྡན་པས། དད་ལྡན་པའི་སྒྱུ་རྩལ་གྱི་ཉམས་ལྡན་པས། དད་ལྡན་མང་ཚོགས་ཀྱི་དད་པ་དང་བ་འདྲེན་པའི་གནས་མཆོག་ཅིག་ཏུ་གྱུར་ཡོད།

  རིག་གནས་གསར་བརྗེའི་སྐབས་སུ་སྤྲེལ་རྫོང་དགོན་པའང་གནའ་དགོན་གཞན་དང་འདྲ་བར་གཏོར་བརླག་ཚབས་ཆེན་བཏང་ཡང་། དེང་སྐབས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་འོག་ཏུ་དད་ལྡན་མང་ཚོགས་ཀྱིས་མཐུན་རྐྱེན་སྦྱར་ཏེ། སྔར་གྱི་དགོན་ཤུལ་དུ་དགོན་པ་བཏབ་ཅིང་། བླ་གྲྭའང་མང་པོ་འདུས་ནས་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་བྱས་ནས་ཆོས་དད་མང་ཚོགས་ཀྱི་རེ་བ་སྐོང་བཞིན་ཡོད།


                                     ཨན་ཆུང་གནམ་རྫོང་།

  མཚོ་སྔོན་གཅན་ཚ་རྫོང་གི་བྱང་རྒྱུད་ཀྱི་ཁམས་ར་ནགས་ཁྲོད་དུ་གནམ་རྫོང་དགོན་པ་ཞེས་རྙིང་དགོན་ཞིག་ཡོད། དགོན་པ་དེའི་བྱང་ཕྱོགས་ན་ཡི་གེ་འ་ཆུང་རང་བྱུང་དུ་བབས་འདྲའི་བྲག་རི་ཞིག་ཡོད་པས། ས་མིང་ལ་ཡང་འ་ཆུང་གནམ་རྫོང་དུ་ཐོགས་པར་བརྗོད་མོད། འོན་ཀྱང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ཏུ་ཨན་ཆུང་གནམ་རྫོང་ཞེས་བྲིས་ཡོད། གནའ་དགོན་དེ་བྲག་ཕུག་ཆུང་ངུ་ལྔ་རུ་ཆགས་ཡོད། བྲག་ཕུག་ལ་ལ་རང་བྱུང་དུ་གྲུབ་པ་དང་བྲག་ཕུག་ལ་ལ་མིས་བརྐོས་པ་ཡིན། བྲག་ཕུག་ལ་བརྟེན་ནས་བཞེངས་པའི་དགོན་པའི་བཀོད་པ་ནི་དངོས་གནས་ཡིད་དུ་འོང་ཞིང་ལྟ་ན་སྡུག་པ་ཞིག་རེད། ཨན་ཆུང་གནམ་རྫོང་ནི་དུས་རབས་དགུ་པའི་དུས་དཀྱིལ་ཏེ་རྒྱལ་པོ་གླང་དར་གྱིས་བསྟན་པ་སྣུབ་སྐབས་སྟོད་དབུས་གཙང་ནས་ཕེབས་པའི་མཁས་པ་མི་གསུམ་གནས་ཤུལ་ཡིན་པས། ལོ་ངོ་ཆིག་སྟོང་ཆིག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་དོ།

  སྤྱི་ལོ738ནས842ལོར་རྒྱལ་པོ་གླང་དར་གྱིས་སངས་རྒྱས་བསྟན་པ་བསྣུབས་པས། གཙང་རབ་གསལ་དང་། གཡོ་དགེ་བའི་འབྱུང་གནས། དམར་ཤཱཀྱ་མུ་ནེ་སོགས་བོད་ཀྱི་མཁས་པ་མི་གསུམ་ལི་ཡུལ་བརྒྱུད་དེ་མདོ་སྨད་ལ་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་བསྐྱངས། ཨན་ཆུང་གནམ་རྫོང་ནི་སྐབས་དེར་བོད་ཀྱི་མཁས་པ་མི་གསུམ་གྱི་སྒྲུབ་སྦྱོང་བྱེད་པའི་གནས་ཡིན།

  བསྟན་པ་ཕྱི་དར་གྱི་རྗེས་སུ་མི་རྣམས་ཀྱིས་བོད་ཀྱི་མཁས་པ་མི་གསུམ་ལ་རྗེས་དྲན་གྱི་ཚུལ་དུ་གསོམ་སྡོང་གསུམ་བཙུགས་ཡོད། ཆིང་རྒྱལ་རབས་ཀྱི་སྐབས་སུ་རྙིང་མའི་སློབ་དཔོན་པདྨ་རིག་འཛིན་གྱིས་བྲག་ཟོམ་དེའི་མདུན་ནས་གནམ་རྫོང་དགོན་དང་གནམ་རྫོང་ཇོ་མོ་བཏབ། 

གནམ་རྫོང་དགོན་པའི་ནུབ་རོལ་གྱི་བྲག་ངོས་ནས་བྲག་ཕུག་ཅིག་ཡོད་དེ། ངག་རྒྱུན་དུ་དེ་ནི་རྒྱལ་པོ་གླང་དར་དགྲོང་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་ཏུ་གྲགས།

  རི་ཚོགས་གཟར་ཞིང་ནགས་ཚལ་ཚང་ཚིང་དུ་དཀྲིགས་ལ། བྱ་བྱེའུ་སྣ་ཚོགས་ཀྱི་དབྱངས་སྙན་བར་མེད་དུ་སྒྲོག་ཅིང་ཆུ་ཕྲན་ཤག་ཤག་ཏུ་འབབ་པ། ཡུལ་ལྗོངས་ཀྱི་བཀོད་པ་ལྟ་ན་སྡུག་པའི་ཨན་ཆུང་གནམ་རྫོང་ནི་རབ་ཏུ་བྱུང་བ་རྣམས་ཀྱིས་ཆོས་སྒྲུབ་སའི་གནས་མཆོག་ཅིག་ཡིན་པར་མ་ཟད། རྒྱལ་ཁབ་རིམ་པའི་ལྗོངས་རྒྱུ་གནས་མཆོག་ཅིག་ཏུའང་གྱུར་ཡོད།


                                              ཕུ་ལ་ཡང་རྫོང་།

 ཕུ་ལ་ཡང་རྫོང་ངམ་པདྨོ་ཆོས་རྫོང་ནི་མཚོ་སྔོན་ཙོང་ཆུའི་ལྷོ་རྒྱུད་ཀྱི་གྲོ་ཚང་ས་ཆའི་ཡང་རྫོང་ལུང་བ་རུ་ཡོད། ལོ་རྒྱུས་སྟེང་གནས་འདི་ནི་སྐྱེས་ཆེན་དམ་པ་མང་བོས་སྒྲུབ་པ་ཉམས་ལེན་མཛད་པའི་གནས་མཆོག་ཅིག་ཡིན། <<མདོ་སྨད་ཆོས་འབྱུང>>དང་ལོ་རྒྱུས་ཡིག་ཚགས་སོགས་སུ་བཀོད་པ་ལྟར་ན། བོད་ཀྱི་བཙན་པོ་ཨུ་དུམ་བཙན་གྱིས་ནང་པའི་བསྟན་པ་བསྣུབས་རྗེས། དབུས་གཙང་ནས་བྲོས་བྱོལ་དུ་སླེབས་པའི་གཙང་རབ་གསལ་དང་དམར་ཤཱཀྱ་མུ་ནེ་གཉིས་གནས་འདིར་ཡུན་རིང་བཞུགས་མྱོང་། དེའི་རྗེས་སུ་མདོ་སྨད་ཡུལ་གྱི་སྐྱེས་ཆེན་དམ་པ་མང་པོ་ཀྱང་གནས་འདི་རུ་སྒྲུབ་པ་ཉམས་ལེན་མཛད།

 1619ལོར་གྲོ་ཚང་དགོན་བཀྲ་ཤིས་ལྷུན་པོ་བཞེངས་རྗེས་ཕུ་ལ་ཡང་རྫོང་ནི་གྲོང་ཚང་རྡོ་རྗེ་འཆང་དང་གྲོ་ཚང་དགོན་བཀྲ་ཤིས་ལྷུན་པོའི་གྲྭ་པ་རྣམས་ཀྱིས་སྒྲུབ་པ་ཉམས་ལེན་བྱེད་པའི་གནས་གཙོ་བོར་གྱུར།  གྲོ་ཚང་རྡོ་རྗེ་འཆང་གི་བྲག་ཚང་སྐུ་ཕྲེང་གསུམ་པ་བློ་བཟང་དབང་ཕྱུག་སྐལ་བཟང་རྒྱ་མཚོས་ཕུ་ལ་ཡང་རྫོང་དུ་མ་དྲོས་འདུ་ཁང་གྱན་དགུ་ཅན་ཞིག་བཞེངས་ཡོད་དོ།

                                                      ཤྭ་བ་རི་རྫོང་།

  ཤྭ་བ་རི་རྫོང་ནི་ཟི་ལིང་ཤར་ཕྱོགས་དམར་གཙང་རྫོང་གི་ནུབ་ལེ་བར་ཉེར་བརྒྱད་ཀྱི་སར་རྒྱབ་རི་བྲག་ལ་བརྟེན་ཞིང་། མདུན་རི་དང་ལུང་ཐང་ནགས་ཀྱིས་ཁེངས་པ་ཆུ་ཕྲན་བསིལ་མ་ལྷུང་ལྷུང་དུ་འབབ་པའི་ཡུལ་ལྗོངས་ཕུན་སུམ་ཚོགས་པ་ཞིག་ཡིན། གནའ་སྔ་མོར་ཡུལ་ལྗོངས་ཕུན་སུམ་ཚོགས་པ་འདི་ནི་ཤྭ་བས་རྩེད་འཇོར་རོལ་བའི་གནས་དབེན་པ་ཞིག་ཡིན་པས་ཤྭ་རྫོང་ཞེས་པའི་མིང་དུ་བཏགས་སྐད།

དེ་ཡང་ཀརྨ་སྐུ་ཕྲེང་བཞི་པ་རོལ་བའི་རྡོ་རྗེ1340ནས1383ཡོན་རྒྱལ་རབས་བཅུ་བ་ཐོ་ཀན་ཐེ་མུར་གྱིས་གདན་དྲངས་པ་ལྟར་རྒྱ་ནང་དུ་ཕེབས་དུས་ཤྭ་རྫོང་རི་ཁྲོད་དུ་བཞུགས་མྱོང་བ་མ་ཟད། བྱ་ཁྱུང་དགོན་པ་འདེབས་པ་པོ་ཤར་ཕྱོགས་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོ་རྣམས་གནས་འདིར་ཡུན་རིང་དུ་བཞུགས་ཤིང་སྒོམ་སྒྲུབ་མཛད། གྲུབ་ཆེན་གནམ་སྔོན་རབ་འབྱམས་པས་ཀརྨ་པའི་སྐུ་གདུང་མཆོད་རྟེན་དང་གཙུག་ལག་ཁང་བཞེངས། དེ་རྗེས་ཧན་སྟག་ལུང་སྐུ་སྐྱེས་སྒྲུབ་སྡེ་གསར་དུ་བཙུགས།  ལྔ་བ་ཆེན་མོར་ཞུས་ཏེ་མགོན་ཆོས་གཉིས་ལ་གཉེར་གཏད་དང་མཚན་དགའ་ལྡན་སྐྱེད་ཚལ་དུ་བསྩལ་བར་བཤད། སྐུ་འབུམ་མཁན་པོ་སྟག་འཚེར་སྐུ་ཕྲེང་དང་པོ་བློ་བཟང་རྡོ་རྗེས་འདུ་ཁང་གསར་བཞེངས་མཛད། སྐུ་ཕྲེང་གཉིས་པ་སྟག་འཚེར་དཔོན་སློབ་ཡེ་ཤེས་སྐལ་བཟང་གིས་གཞི་བཟུང་སྟེ་ཐུབ་དབང་དང་། བྱམས་མགོན་མི་འཁྲུགས་པའི་སྐུ་བརྙན་བཞེངས། སྐུ་ཕྲེང་གསུམ་པ་སྟག་འཚེར་མཁན་སྤྲུལ་བློ་བཟང་མཁས་གྲུབ་ཉི་མས་སླར་ཡང་འདུ་ཁང་གསར་བཞེངས་གནང་། དེ་བས་སྟག་འཚེར་རིན་པོ་ཆེ་ནི་ཤྭ་རྫོང་རི་ཁྲོད་དགོན་པའི་དགོན་བདག་ཡིན། ཤྭ་རྫོང་རི་ཁྲོད་ཆེས་དར་བའི་དུས་སུ་གྲྭ་བ་བཞི་བཅུ་དང་། ལྷ་ཁང་། འདུ་ཁང་། གྲྭ་ཤག་སོགས་གྱན་བཞི་བརྒྱ་ཙམ་དང་། དགོན་པའི་རྒྱབ་རིའི་སྟེང་བང་རིམ་ལྟར་བརྩེགས་པ་ཆེས་མཐོ་ཤས་སུ་སྣང་། 1985ལོར་ཆོས་སྒོ་ཕྱེས་ཏེ་ད་ལྟ་དགོན་པའི་འདུ་ཁང་བཞེངས་འདུག    བྲག་དཀར་སྤྲེལ་རྫོང་དང་། ཨན་ཆུང་གནམ་རྫོང་། ཕུ་ལ་ཡང་རྫོང་། ཤྭ་བ་རི་རྫོང་བཅས་ནི་ལོ་རྒྱུས་སུ་གྲགས་ཆེ་བའི་མདོ་སྨད་ཡུལ་གྱི་རྫོང་ཆེན་བཞི་ཡིན་ནོ།