སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་ཕྱག་ཕྲེང་རྫོང་གཉིས་ཀྱིས་མཉམ་དུ་འཆམ་མཐུན་གྱི་མཐའ་མཚམས་སྐྲུན་པར་གྲོས་མོལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ

        ཚེས་7ནས་ཚེས་8ཉིན་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་པ་ཞིང་ཆེན་གྱི་མཐའ་མཚམས་ཁྱིམ་མཚེས་ཤང་གྲོང་སྡེ་རོང་རྫོང་ལ་སོང་རྗེས་མུ་མཐུད་དུ་ཁྱིམ་མཚེས་བོད་ཁུལ་ཕྱག་ཕྲེང་རྫོང་དུ་སོང་ལ། ཕྱོགས་གཉིས་ཀྱིས་ཚོང་དོན་ངོ་འཕྲད་ཚོགས་འདུའི་འབྲེལ་ཡོད་ལས་དོན་དང་། འདས་དོན་མི་གླེང་བར་མཉམ་དུ་མཐའ་མཚམས་འཆམ་མཐུན་སྐྲུན་པའི་ལས་དོན་ལ་གྲོས་མཐུན་བྱུང་།

        ཡུན་ནན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་སི་ཁྲོན་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་གཉིས་ནི་བོད་ཁུལ་གྱི་ཞིང་ཆེན་གཉིས་ཀྱི་མཐའ་མཚམས་ཀྱི་རྫོང་དང་གྲོང་ཁྱེར་ཡིན་ལ། གྲོང་ཁྱེར་དང་རྫོང་གཉིས་ཀྱི་མཐའ་མཚམས་ཅུང་རིང་བ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཡོད་པའི་གཏེར་མ་རོང་ཤང་དང་ཕྱག་ཕྲེང་རྫོང་གི་རག་ཝ་ཤང་དང་གདོང་གསུམ་ཤང་། དབེ་བཞག་ཤང་བཅས་ཕན་ཚུན་འབྲེལ་ཡོད་ལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཡོད་པའི་སྐད་ཚགས་ཤང་དང་ཕྱག་ཕྲེང་རྫོང་གི་རག་ཝ་ཤང་གཉིས་ཡང་འབྲེལ་ཡོད་དེ། ཡུལ་ཁོངས་གཅིག་ཏུ་ཡོད་པའི་བོད་རིགས་ས་གནས་མང་ཚོགས་ཀྱི་སྐད་རིགས་དང་འཚོ་བའི་གོམས་གཤིས། གནས་འདིའི་རི་ཆུ་ནགས་གསུམ་ལ་བྲལ་ཐབས་མེད་པའི་བརྩེ་སེམས་ཡོད་པ་སོགས་འདྲ་མཚུངས་ཡིན་པ་རེད།

        ཕྱོགས་གཉིས་ཀྱིས་ས་གནས་མང་ཚོགས་བར་གྱི་འགལ་བ་གཙང་སེལ་བྱས་ནས་ཞིང་ཆེན་གཉིས་ཀྱི་མཐའ་མཚམས་ཤང་གྲོང་བར་འཆམ་མཐུན་མཉམ་གནས་ཀྱིས་འཕེལ་རྒྱས་ཡོང་བ་སྐུལ་སྤེལ་བྱས་ཤིང་། རྫོང་དང་གྲོང་ཁྱེར་གཉིས་ཏང་སྲིད་འགོ་ཁྲིད་གཙོ་བོའི་བར་གྲོས་བསྡུར་བྱེད་པའི་རྨང་གཞིའི་སྟེང་འབྲེལ་ཡོད་སྡེ་ཁག་བར་དང་ཤང་གྲོང་བར་སྦྲེལ་མཐུད་གྲོས་མོལ་བྱས་ལ། ཕྱག་ཕྲེང་རྫོང་དབེ་བཞག་ཤང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་ཕྱག་ཕྲེང་རྫོང་བར་མཐའ་མཚམས་འཆམ་མཐུན་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད།

        ལས་བྱེད་པའི་བར་ལག་འཇུ་ཇེ་མང་དང་མང་ཚོགས་བར་ལག་ཐུག་ཇེ་ཉུང་བྱེད་དགོས་པའི་ཕྱོགས་ནས། ཕྱོགས་གཉིས་ཀྱིས་འདས་དོན་མི་གླེང་བར་སྔར་ལས་ལྷག་པར་འགོ་ཁྲིད་བར་གྱི་འབྲེལ་བར་ཤུགས་སྣོན་གྱིས་ཞིང་ཆེན་གཉིས་ཀྱི་མཐའ་མཚམས་བར་མཉམ་འབྲེལ་གྲོས་མོལ་གྱི་སྒྲིག་གཞི་བཙུགས་ཏེ། མཉམ་དུ་མཐའ་མཚམས་འཆམ་མཐུན་འཕེལ་རྒྱས་ཡོང་བར་ཞིབ་འཇུག་དང་བགྲོ་གླེང་བྱེད་དགོས་པར་འདོད།

        ཁྲིམས་ལྟར་དོ་དམ་དང་ཕན་འབྲས་ལྡན་པའི་འགལ་བ་ཐག་གཅོད་བྱེད་དགོས་པའི་ཕྱོགས་ནས་ཕྱོགས་གཉིས་ཀྱིས་ཏན་ཏིག་གིས་ས་གནས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་མཐོ་རུ་གཏོང་དགོས་ལ། རྒྱུན་མཐུད་ཀྱིས་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། མང་ཚོགས་ཀྱིས་ཁྲིམས་སྦྱོང་བ་དང་ཁྲིམས་རྟོག་པ། ཁྲིམས་ཤེས་པ། ཁྲིམས་སྲུང་བ། ཁྲིམས་དང་མི་འགལ་བའི་སྣེ་སྟོན་བྱེད་དགོས་པར་འདོད།

        སྤེལ་རེས་མཉམ་འབྲེལ་གྱིས་ཕྱོགས་གཉིས་ཀྱི་འཆམ་མཐུན་འཕེལ་རྒྱས་ཀྱི་རྨང་གཞིར་ཤུགས་སྣོན་བྱེད་པའི་ཐད་ནས། ཕྱོགས་གཉིས་ཀྱིས་ལས་རྩལ་འགྲན་བསྡུར་དང་རིག་གནས་དུས་ཆེན་སོགས་ཀྱི་བྱེད་སྒོའི་རྣམ་པས་ཧུར་བརྩོན་གྱིས་གྲོང་ཁྱེར་དང་རྫོང་གཉིས་ཀྱི་རིག་གནས་ཁྱབ་ཁོངས་ནས་སྤེལ་རེས་དང་མཉམ་འབྲེལ་བྱེད་དགོས་པར་འདོད།