རྒྱལ་ཐང་མྱུ་ཟུར་ཡུལ་གྱི་ཁྱད་ལྡན་ཞྭ་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        མྱུ་ཟུར་ཡུལ་གྱི་མགོ་རྒྱན་ནི་ཞྭ་རྒྱན་དང་སྐྲན་རྒྱན། རྣ་རྒྱན་གཙོ་བོ་བྱེད་ལ། ཡུལ་འདིའི་སྐྱེས་པ་རྣམས་དུས་རྒྱུན་ཝ་ཞྭ་དང་ཚེ་རིང་དཀྱིལ་ཁེབས། རྒྱ་གར་ཞྭ་སོགས་གྱོན་པར་དགའ་བོ་ཡོད་པ་རེད། ཡུལ་འདིའི་བུད་མེད་རྣམས་ཡང་ཚེ་རིང་དཀྱིལ་ཁེབས་དང་ཝ་ཞྭ་སོགས་གྱོན་པར་དགའ།

        སྔོན་མྱུ་ཟུར་ཡུལ་གྱི་སྐྱེས་པ་ཚོས་སྐྲ་བསླས་ནས་མགོར་དཀྲི་ལ། སྐྲའི་ལན་བུའི་སྣེ་མོར་སྐུད་པ་དམར་བོའམ་ནག་པོ་མང་བོ་གཅིག་ཏུ་བསྡམས་ནས་མགོ་རྒྱན་བྱེད་པ་དང་། དངུལ་གྱི་འཛུབ་དཀྲིས་དང་བ་སོ་སོགས་སུ་མགོ་དཀྲིས་རྒྱུས་ནས་མགོ་རྒྱན་བྱེད་དེ།འབྱོར་བ་ཕུན་སུམ་ཚོགས་པའི་རྣམ་པ་སྟོན་པ་རེད། འོན་ཀྱང་དེང་སྐབས་འདི་ལྟ་བུའི་མགོ་རྒྱན་ལ་དགའ་མོས་ཡོད་མཁན་ཧ་ཅང་ཉུང་།

        ཡུལ་འདིའི་བུད་མེད་ཚོས་སྐྲ་ལན་བུ་གཉིས་སམ་གསུམ་དུ་བསླ་ལ།ལན་བུའི་སྣེ་མོར་སྐུད་པ་དམར་པོ་བསླས་ནས་སྐེད་རག་གི་འོག་ཏུ་འཇུག་པ་དང་། བསླས་པའི་སྐྲ་མགོ་ལ་དཀྲིས་ནས་དེའི་སྟེང་ལ་ཞྭ་མོ་གྱོན་པ་སྟེ་གྱོན་སྟངས་གཉིས་ཡོད་པ་རེད། འདི་ལྟར་བྱས་ན་གཅིག་ནས་མགོ་བོ་སྲུང་སྐྱོབ་བྱེད་ཐུབ་ལ། གཉིས་ནས་བོད་པའི་བུ་མོའི་མཛེས་པ་མངོན་ཐུབ། སྔོན་མྱུ་ཟུར་བུ་མོས་རྒྱན་གོས་སྤྲས་པའི་སྐབས་སུ་སྐྲ་བརྒྱ་བསླ་མའི་སྲོལ་ཡོད་མོད། འོན་ཀྱང་དེང་སྐབས་དེ་ལྟ་བུའི་སྲོལ་རྒྱུན་སྤྱི་ནས་རྒྱུན་ཆད་ལ་ཉེ།

ལུའུ་པགས་ཞྭ།

    ལུའུ་པགས་ཞྭ་(ཞྭ་འདི་ལ་རྒྱལ་ཐང་ཡུལ་དུ་རྣ་ཁེབས་ཞེས་འབོད་སྲོལ་ཡང་ཡོད)ནི་ཡུལ་མྱུ་ཟུར་བུད་མེད་ཀྱི་རྒྱུན་གོན་ཞྭ་མོའི་རིགས་ཤིག་ཡིན་ལ།འདི་ལུ་གུའི་པགས་པས་བཟོས་པ་ཡིན་པས་མིང་ཡང་འདི་ལྟར་བཏགས་པ་རེད། ཞྭ་མོའི་སྟེང་མགོ་དཀྲིས་དམར་པོས་བརྒྱན་ལ། འདི་ལྟར་བྱས་ན་རིམ་པའི་དབྱེ་མཚམས་གསལ་ལ་བོད་པའི་བུ་མོའི་མཛེས་ཉམས་མངོན་པར་ཐོན་ཐུབ་པ་རེད།

ཕྱིང་ཞྭ།

        ཕྱིང་ཞྭ་ནི་མྱུ་ཟུར་ཡུལ་གྱི་ཁྱད་ལྡན་ཞྭ་མོ་ཞིག་ཡིན་ལ། གཞོན་སྐྱེས་ཕོ་མོ་རྣམས་ཞྭ་འདི་གྱོན་རྒྱུར་དགའ་མོས་ཆེན་པོ་ཡོད་པ་རེད། ཞྭ་མོ་འདི་ལུག་བལ་དང་ར་སྤུས་བཟོས་པ་ཡིན་ལ། ཞྭའི་གཞུང་གི་ཆེ་ཆུང་དང་མཐའི་ཆེ་ཆུང་སོགས་རང་ཉིད་ཀྱི་དགའ་མོས་ལྟར་བཟོས་ཆོག  ཞྭ་འདིར་ས་གནས་ཀྱི་ཁྱད་ཆོས་དང་མཛེས་པའི་ཉམས་ངེས་ཅན་ཤིག་ལྡན་པ་མ་ཟད།ཆར་བ་དང་ཉི་འོད་འགོག་པའི་བཀོལ་སྤྱོད་ཀྱི་རིན་ཐང་ཡང་ཆེན་པོ་ལྡན་པ་རེད།


ཝ་ཞྭ།

        ཝ་ཞྭའི་གཞུང་གི་མཐོ་ཚད་ལ་ལི་རྨིད་20ཡས་མས་ཡིན་ལ། ཞྭ་མོའི་ནང་ངོས་གོས་ཀྱིས་གཡོགས་ཤིང་། ཞྭའི་རྒྱབ་ཕྱོགས་སུ་ལི་རྨིད་20ཡས་མས་ཀྱི་ཅོད་པན་གྱིས་བརྒྱན་ཡོད་ལ། ཅོད་པན་གྱི་མདོག་ལ་ཡང་སྔོ་སེར་དཀར་དམར་སོགས་གཙོ་བྱས་ཡོད། ཞྭ་མོ་འདིར་བོད་རང་གི་མཛེས་རྟོག་གི་ལྟ་བ་ཞིག་མངོན་པར་ཐོན་ཡོད་པ་མ་ཟད། དེ་མིན་དགུན་དུས་སུ་མཐོ་སྒང་གི་གྲང་བར་འགོག་པ་དང་དྲོད་སྲུང་གི་ནུས་པ་ཆེན་པོ་ལྡན་པ་རེད།

 རྒྱ་གར་ཞྭ་མོ།

    རྒྱ་གར་ཞྭ་མོ་(ཡུལ་གཞན་དུ་གུས་ཞྭ་ཞེས་འབོད་སྲོལ་ཡོད)མྱུ་ཟུར་ཡུལ་གྱི་སྐྱེས་པ་ཚོ་གྱོན་རྒྱུར་དགའ་བོ་ཡོད་ལ། ཞྭ་མོ་འདི་རྒྱ་གར་ནས་བོད་ལ་དར་བ་ཡིན་པས་ཡུལ་འདིའི་ཁ་སྐད་ལ་རྒྱ་གར་ཞྭ་མོ་ཞེས་འབོད། རྒྱ་གར་ཞྭ་མོར་མདོག་སྐྱ་བོ་དང་ལྗང་ཁུ། སྔོ་སྐྱ་སོགས་སྣ་ཚོགས་ཡོད་ལ། གྱོན་ན་ཕོ་གསར་གྱི་ཉམས་ཐོན་ཞིང་།ཆར་བ་དང་ཉི་འོད་འགོག་པའི་ནུས་ལྡན།

ཚེ་རིང་དཀྱིལ་ཁེབས།

        ཚེ་རིང་དཀྱིལ་ཁེབས་ནི་མྱུ་ཟུར་ཡུལ་གྱི་ཕོ་མོ་རྒན་གཞོན་ཚང་མ་གྱོན་རྒྱུ་དགའ་བའི་ཞྭ་མོ་ཞིག་ཡིན་ལ། སྐྱེས་པ་ཚོས་གྱོན་ན་ཁམས་པའི་ཕོ་རྒོད་ཀྱི་ཉམས་ཐོན་ལ། བུད་མེད་ཚོས་གྱོན་ན་བོད་པའི་བུ་མོའི་སྒེག་མ་ཉམས་ཐོན། ལོ་ཆུང་བྱིས་པ་ཚོས་གྱོན་ན་སྙིང་རྗེའི་ཉམས་ཤིག་ཀྱང་ཐོན་ཐུབ་པ་རེད། ཞྭ་མོ་ཚེ་རིང་དཀྱིལ་ཁེབས་ཀྱི་མཐའ་གསེར་མདོག་གི་སྐུད་པས་བསྐོར་ཡོད་ལ། ཞྭ་གཤོག་བཞི་ཡོད། གཡས་གཡོན་གཉིས་ཀྱི་ཞྭ་གཤོག་ཅུང་ཐུང་ལ། ཕྱོགས་བཞིའི་གཤོག་སྟེང་སྲམ་པགས་ཀྱིས་གཡོགས་ཡོད་པ་རེད། སྐྱེས་པའི་ཞྭ་གཞུང་ཅུང་མཐོ་ལ། བུད་མེད་ཀྱི་ཞྭའི་གཞུང་དམའ་ཞིང་སྐྱེས་པའི་ཞྭ་དང་བསྡུར་ན་མཛེས་པའི་ཆ་མང་བོས་སྤྲས་ཡོད།