ལྕི་བའི་ནང་གི་མེ་ཏོག

རྩོམ་པ་པོ།   རྟ་མགྲིན་རྒྱལ།  ཡིག་བསྒྱུར།       དུས་ཚོད།   2019-07-08   རྩོམ་ཁུངས།    སེམས་ཀྱི་ཟླ་བོད་ཡིག་དྲ་བ།

ཁྱེད་ནི།

ནོར་ནག་གི་རྗེས་ཤུལ་ཏུ་བཞད་པའི་མེ་ཏོག་གངས་རྒྱན་དང་།

གཡུ་མདོག་གི་སྤང་ཐང་ན་འཐོར་བའི་མུ་ཏིག་གི་ཕྲ་རྒྱན་སྟེ།

ལ་ལས་ནོར་བུ་བཞིན་དུ་མཛེས་ཤིང་ཆུ་ཤེལ་བཞིན་དུ་དྭངས་བར་བཤད།

འོན་ཀྱང་།

ངས་བལྟས་ན།

ཁྱེད་ནི་ལས་དབང་གི་རྟེན་སྐལ་དུ་སྨིན་པའི་བསིལ་རླུང་ནེམ་པོ་སྟེ།

ང་ཡི་ཚེ་གཅིག་གི་བླ་རུ་གྲུབ་པའི་སྲོག་གི་སྙིང་བོ་དང་།

འཚོ་གཞིས་ཀྱི་གཡང་དུ་འཁྲུངས་བའི་ཤུག་པའི་སྲུང་མདའ་དེའོ།

 

ཁྱེད་ནི།

གསོམ་དཀར་གྱི་ཁ་རུ་བྲིས་པའི་འབྲི་མར་གྱི་མེ་ཏོག་དང་།

སྨུག་སྤྲིན་གྱི་སྲིབ་ཀ་རུ་གྲགས་པའི་ལ་གཞས་ཀྱི་རོལ་དབྱངས་ཏེ།

ལ་ལས་སྦྲང་རྩི་བཞིན་དུ་མངར་ཞིང་བུ་རམ་བཞིན་དུ་ཞིམ་པར་བཤད།

འོན་ཀྱང་།

ངས་བལྟས་ན།

ཁྱེད་ནི་འབྲུ་དྲུག་གི་བཅུད་ལས་ཐོན་པའི་ནས་ཆང་བསིལ་མ་སྟེ།

ང་ཡི་ཁེར་རྐྱང་གི་གདུང་བ་སེལ་བའི་རོ་ཡི་དྭངས་མ་དང་།

ལྷ་ཚོགས་ཀྱི་ཞལ་ངོར་ཕུལ་བྱའི་མཆོད་པ་ཡི་ཐོག་མ་དེའོ།

 

ཁྱེད་ནི།

ཞེ་འདང་གི་འདབས་མར་བྲིས་པའི་གཡུ་ཡི་ཐིག་ལེ་དང་།

འཁྲེངས་ཞེན་གྱི་ཁུད་དུ་གཅུད་པའི་གསེར་གྱི་རིལ་བུ་སྟེ།

ལ་ལས་རྨི་ལམ་བཞིན་དུ་མཛེས་ཤིང་མངོན་སུམ་ལྟར་དུ་སྡུག་པར་བཤད།

འོན་ཀྱང་།

ངས་བལྟས་ན།

ཁྱེད་ནི་རི་བྲག་གི་ཁུངས་ནས་བརྡོལ་བའི་རྫ་ཆུ་བསིལ་མ་སྟེ།

ང་ཡི་སྐོམ་གདུང་གི་ལུས་ངལ་གསོ་བའི་སྨན་མཆོག་དང་།

སུན་སྣང་གི་རྣ་བ་གཏད་སའི་བབ་ཆགས་ཀྱི་རོལ་དབྱངས་དེའོ།

 

གང་ལྟར།    ཁྱེད་ནི།  

མི་རབས་དགུ་ལའང་རྒས་པ་མེད་པས།


དབང་བོ་ལྔའི་དགའ་སྟོན་ཁོ་ནའོ།