པར་རིས་བརྒྱུད་ནས་ས་སྐྱ་པཎྜི་ཏ་དང་ཧོར་གོ་དན་རྒྱལ་པོའི་ལང་ཅུའི་གྲོས་མོལ་གྱི་རྣམ་པར་མཇལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-03   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

འདི་ནི་ས་སྐྱ་གོང་མ་རྣམ་ལྔའི་སྐུ་པར་རེད།

        མི་དམངས་དྲ་བའི་འཕྲིན། མཛེས་སྡུག་ལྡན་པའི་ཀྲུང་ཧྭ། མི་རིགས་མང་པོ་གཅིག་གྱུར། ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ། མི་རིགས་སོ་སོ་ཕན་ཚུན་འདྲེས་སྡོད་བྱས་ཏེ། ཕན་ཚུན་གཅིག་ལ་གཅིག་བརྟེན་དང་འཆམ་མཐུན་ངང་འཚོ་ཞིང་། ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་ཐུན་མོང་ངང་མཚར་སྡུག་འོད་སྟོང་འབར་བའི་ཀྲུང་ཧྭའི་དཔལ་ཡོན་བསྐྲུན་ཡོད་ཅིང་། བོད་མི་རིགས་ནི་ཀྲུང་ཧྭའི་དཔལ་ཡོན་སྐྲུན་མཁན་མི་རིགས་ང་དྲུག་གི་གྲས་ཤིག་རེད།

        སྤྱི་ལོ་1247ལོར། བོད་ས་གནས་ཀྱི་ཆོས་ལུགས་འགོ་ཁྲིད་ས་སྐྱ་པཎྜི་ཏས་(གཤམ་དུ་ས་པཎ་ཞེས་འབྲི་རྒྱུུ)བོད་ས་གནས་ཀྱི་ཚབ་ཞུས་པ་དང་། ཧོར་རྒྱལ་པོའི་རྒྱལ་སྲས་གོ་དན་གྱིས་ཧོར་རྒྱལ་པོའི་ཚབ་ཞུས་ནས།  དེང་གི་ཀན་སུའུ་ཝུའུ་ཝེ་ས་ཆ་རུ་“ལང་ཅུའི་གྲོས་མོལ”མཛད་ཅིང་། ས་སྐྱ་པཎྜི་ཏས་དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་ཡི་གེ་སྤྲིངས་ནས་བོད་ལྗོངས་ཀྲུང་གོའི་མངའ་ཁོངས་སུ་བཅུག་སྟེ། ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་སྲིད་འཛིན་ས་ཁོངས་ཤིག་ཏུ་གྱུར་བ་རེད།

འདི་ནི་བརྗིད་ཆགས་པའི་ས་སྐྱ་དགོན་པའི་པར་རིས་རེད།

འདི་ནི་ས་པཎ་སྐུ་འཁོར་ལང་ཅུར་འབྱོར་བའི་པར་རིས་རེད།

        1246ལོའི་ཟླ་8པར། ས་པཎ་འཁོར་དང་བཅས་པ་ལང་ཅུར་སླེབས་པ་དང་། གོ་དན་གྱིས་ཧ་ལ་ཧོ་ལིང་དུ་རྒྱལ་རྒྱུད་འཛིན་པའི་མཛད་སྒོ་སྤེལ་བའི་དུས་དང་ཏག་ཏག་འཁེལ་བ་རེད། ས་པན་གྱིས་གོ་དན་ལ་སྒུག་པའི་རིང་ལ། ཕྱོགས་ཁག་གི་མི་སྣ་དག་ལ་མཇལ་འཕྲད་གང་མང་གནང་ནས། ཧོར་གྱི་གནས་ཚུལ་དང་གནམ་འོག་གི་འགྱུར་བ་ལ་རྒྱུས་ལོན་མཛད། ས་པཎ་གྱིས་ལང་ཅུའི་གྲུབ་མཐའ་སོ་སོའི་དད་ལྡན་མང་ཚོགས་རྣམས་འཆམ་མཐུན་ངང་གནས་པར་མཐོང་དུས་ནང་པའི་བསྟན་པ་དེར་སྤེལ་རྒྱུ་ཐུགས་ཐག་བཅད།

        1247ལོར། གོ་དན་ཧོ་ལིང་ནས་ལང་ཅུར་ལོག་སྟེ་ས་པཎ་དང་ཐོག་མར་ཞལ་འཛོམས་ཤིང་། ཕྱོགས་གཉིས་བར་གླེང་མོལ་འཆམ་པོ་བྱུང་སྟེ་ཕན་ཚུན་ལ་གུས་བཀུར་ཚད་མེད་ཞུས། གོ་དན་གྱིས་ས་པཎ་ལ་བོད་ཀྱི་ཆབ་སྲིད་དཔལ་འབྱོར་དང་། ཡུལ་སྲོལ་གོམས་གཤིས་སྐོར་འདྲི་ཞིབ་བྱས་པ་མ་ཟད། ད་དུང་ནང་ཆོས་སྐོར་ནས་བཀའ་འདྲི་ཞུས། ཧོར་རྒྱལ་གོ་དན་ཤེས་བྱའི་མཁྱེན་ཡངས་པའི་ས་པཎ་ལ་དད་འདུན་ཆེན་པོ་བྱུང་བ་རེད།

འདི་ནི་ཕྱོགས་གཉིས་བར་གླེང་མོལ་འཆམ་པོ་བྱུང་བའི་པར་རིས་རེད།

འདི་ནི་ས་པཎ་གྱིས་གོ་དན་ལ་སྐུ་རིམ་མཛད་བཞིན་པའི་པར་རིས་རེད།

        གྲོས་མོལ་མ་བྱས་གོང་དུ། གོ་དན་ལ་ནད་གཞི་ཚབས་ཆེན་ཕོག་ནས་མལ་དུ་ལུས་ཡོད་པར། ས་པཎ་མཆོག་གོ་དན་གྱི་གཟིམ་ཤག་ལ་ཕེབས་ནས།  སྐུ་རིམ་མཛད་དེ་ནད་གཞི་ལས་ཐར་བར་བྱས། གོ་དན་ནད་ལས་ཐར་རྗེས། ས་པཎ་ལ་སྔར་བས་དད་གུས་ཆེན་པོ་བྱུང་ཞིང་གུས་འདུད་སྔར་བས་ཆེན་པོ་བྱས།

        1247ལོའི་ཟླ་8པར། ཧོར་གྱི་ཚབ་ཞུས་པའི་གོ་དན་དང་བོད་ཀྱི་ཚབ་ཞུས་པའི་ས་པཎ་གཉིས་ལང་ཅུའི་ཤར་སྤྲུལ་པའི་སྡེ་རུ་མཇལ་འཛོམས་གནང་བ་རེད།

འདི་ནི་ལང་ཅུའི་གྲོས་མོལ་ལེགས་འགྲུབ་བྱུང་བའི་པར་རིས་རེད།

འདི་ནི་ས་པཎ་གྱིས་འཕྲིན་ཡིག་འབྲི་བཞིན་པའི་པར་རིས་རེད།

        གྲོས་མོལ་བྱས་རྗེས་སུ། ས་པཎ་གྱིས་བོད་ས་གནས་ཁག་གི་སྐྱ་སེར་འགོ་ཁྲིད་དང་། གྲོགས་པོ་དང་སློབ་བུ་རྣམས་ལ་《 དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པ》ཞེས་པའི་བཀའ་ཤོག་གྲགས་ཆེ་བ་དེ་སྤྲིངས་པ་རེད།

        1251ལོའི་དགུན་ཁར། དགུང་ལོ་17ལ་སླེབས་པའི་དབོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་ཁུ་བོའི་མཛད་འཕྲིན་གྱི་རྒྱུན་བསྐྱངས་ནས་ས་སྐྱའི་ཆོས་རྒྱུད་འཛིན་པའི་བདག་པོ་གནང་། ས་སྐྱ་པཎྜི་ཏ་དགུང་ལོ་70པར་ཤར་སྤྲུལ་པའི་སྡེ་རུ་དགོངས་པ་ཆོས་དབྱིངས་སུ་ཐིམ།

འདི་ནི་ས་སྐྱ་པཎྜི་ཏ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་པར་རིས་རེད། 

འདི་ནི་ས་སྐྱ་དགོན་པའི་སྒོ་མཆོར་གྱི་པར་རིས་རེད།