འུར་རྡོའི་སྐོར་ནས་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-01   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        འུར་རྡོ་ནི་བོད་ཀྱི་ལག་ཆ་དང་རོལ་རྩེད་ནང་གི་ཆ་ཤས་ཤིག་ཡིན། འུར་རྡོ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྒྱང་འཕེན་སྤྱོད་ཆས་ལས་ཡོངས་ཁྱབ་ཆེ་ཤོས་ཤིག་ཡིན། བོད་ཀྱི་ཞིང་འབྲོག་ཁུལ་དུ་ད་ཆའི་བར་དར་ནས་ཁྱབ་པའི་འུར་རྡོའི་སྤྱོད་སྟངས་རྣམས་དང་། བོད་ལྗོངས་ཀྱི་ཁ་རོབ་དང་ཆུ་གོང་སོགས་ནས་ཐོན་པའི་འབོར་ཆེ་བའི་རྡོ་རིལ་གྱི་གནའ་རྫས་རྣམས་དང་ཟུང་འབྲེལ་གྱིས་བརྟག་སྐབས། རྡོ་ཆས་གསར་པའི་དུས་ནས་བོད་རིགས་ཀྱི་མེས་པོ་རྣམས་ཀྱིས་རྡོ་འཕེན་བྱེད་ཀྱི་འུར་རྡོ་དག་བེད་སྤྱོད་བྱེད་ཀྱི་ཡོད་པར་ངོས་འཛིན་བྱས་ཆོག་པ་དང་། གཞན་ཡང་ལོ་རྒྱུས་ཆེན་མོ་ཡི་ནང་གདོད་མའི་སྤྱི་ཚོགས་ཀྱི་འཕེལ་རིམ་ནང་ཐོན་སྐྱེད་ངལ་རྩོལ་དང་འབྲེལ་ཡོད་ཀྱི་ལག་ཆ་ཐོན་ཁུངས་ཀྱི་ལོ་རྒྱུས་ལམ་ཙམ་གསལ་བར་གྲགས་པའི་ནང་། ལྔ་པར་སྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང་། ད་ཕྲང་ཅང་ཕྲང་ལག་ཆར་ཞགས་པ་འཕེན།། དྲུག་པར་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ།། ལང་ཏང་ལིང་དང་བར་ཁ་འུར་རྡོ་འཕེན།། ཞེས་གསལ་བ་ལྟར་འུར་རྡོའི་འཕེན་རྩལ་དེ་ཉིད་བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་དུས་ནས་བྱུང་བར་ཐེ་ཚོམ་མེད། དེ་ནི་གནའ་བོའི་མི་རབས་རྣམས་ཀྱིས་ལག་རྡོ་འཕེན་པ་དང་། དབྱུག་པ་བེད་སྤྱོད་བྱེད་པ་བཅས་ལས་རིམ་གྱིས་འཕེལ་རྒྱས་བྱུང་བའི་གསར་གཏོད་ཀྱི་ལག་ཆ་ཞིག་ཡིན་གཤིས། ཐོག་མར་རི་དྭགས་རྔོན་བྱེད་དང་། གཡུལ་འགྱེད་བྱེད་སྐབས་ཀྱི་རྒྱང་འཕེན་དྲག་ཆས་སྟབས་བདེ་ལ་གོ་ཆོད་པ་ཞིག་ཡིན་པ་གོར་མ་ཆགས། ཐོན་སྐྱེད་དང་གཡུལ་འགྱེད་ནང་བེད་སྤྱོད་བྱས་པའི་རྒྱུན་རིང་གི་ཉམས་མྱོང་ལས་འུར་རྡོ་འཕེན་རྒྱུ་དེ་ལའང་ལུས་ཀྱི་རྩལ་སྦྱོང་བྱེད་དགོས་པའི་བསླབ་བྱ་བྱུང་སྟེ་ལས་བྲེལ་ཆུང་བའི་སྐབས་འུར་རྡོའི་འཕེན་རྩལ་སྦྱོང་བ་དང་འགྲན་སྡུར་བྱེད་པའི་བྱེད་སྒོ་དར་བ་ཡིན།

        འུར་རྡོའི་འཕེན་རྩལ་འགྲན་པ་ལ་རྒྱང་རིང་ཐུང་འགྲན་པ་དང་ཚ་ཁ་འགྲན་པའི་དབྱེ་བ་གཉིས་ཙམ་ཡོད། འུར་རྡོ་འཕང་སྟེ་རྒྱང་ཚད་རིང་ཐུང་གི་རྩལ་ལག་འགྲན་པ་ལ་རྒྱང་འགྲན་པ་ཞེས་ཟེར་བ་དང་། དམིགས་འབེན་བཙུགས་ཏེ་འུར་རྡོའི་གཟུ་ཁ་འགྲན་པ་ལ་ཚ་ཁ་འགྲན་པ་ཟེར། འུར་རྡོ་ཞེས་པ་ནི་འུར་སྟོད་དང་། འུར་མཐིལ། འུར་སྨད་བཅས་ཡན་ལག་ཁག་གསུམ་ལས་གྲུབ་པའི་འདུས་གཟུགས་ཆ་ཚང་ཞིག་ཡིན། འུར་སྟོད(ཡ་མཆོག་ཀྱང་ཟེར)དེ་ཉིད་ཀྱང་མཛུབ་ཁུང(མཛུབ་རྒྱུད་དང་། དཔའ་ལུང་། འུར་འགུགས་ཀྱང་ཟེར)དང་། ཆུ་ལུག་མགོ་ཐར་ཙམ་ཞེས་འུར་འགུགས་ཀྱི་གཤམ་དུ་ལུག་གི་མགོ་བོ་ཐར་ཙམ་གྱི་ཁུང་ཞིག་འཇོག་དགོས་པ་ནི་ལུག་གཅིག་འདེད་གཏོང་སྐབས་སྐེ་ལ་བརྒྱུས་ཏེ་ཁྲིད་ཆེད་དུ་ཡིན། འུར་སྟོད་དངོས་གཞི་བཅས་ལས་གྲུབ་པ་དང་། འུར་སྨད(མ་མཆོག་ཀྱང་ཟེར)དེ་ནི་རྡོ་ལེན་དང་། ལྗགས་སྟེགས། ལྗགས་རྩེ། (ལྗགས་དང་ཙག་སྐད་ཀྱང་ཟེར)ལས་གྲུབ་པ་ཡིན།

        འུར་མཐིལ་ནི་རི་དང་འུར་མཐིལ་དངོས་གཞི་ལས་གྲུབ་ཅིང་ཡུལ་འགའ་ཤས་སུ་དེར་སྐྱོང་དང་རྡོ་སྐྱོང་ཞེས་ཀྱང་འབོད་སྲོལ་ཡོད།འུར་རྡོ་འཕེན་སྐབས་འུར་རྡོའི་མཛུབ་ཁུང་ལ་ལག་གཡས་པའི་གོང་མཛུབ་བརྒྱུས་དེ་མཐེ་བོང་གིས་མནན། དེ་རྗེས་འུར་མཐིལ་གྱི་ནང་དུ་རྡོ་རིལ་བྱ་ཡི་སྒོ་ང་ཙམ་བླུགས་ཏེ་ལག་གཡོན་པས་བཟུང་། འུར་རྡོའི་ལྗགས་རྩེ་དེ་ལག་གཡས་པའི་གོང་མཛུབ་དང་དཀྱིལ་མཛུབ་ཀྱི་བར་དུ་བཟུང་ནས་འཐེན་ཙམ་བྱས་ཏེ་འུར་སྟོད་དང་། འུར་སྨད་གཉིས་རིང་ཐུང་ཐང་ལྷོད་མཉམ་པ་བཟོས། ལག་གཡོན་པས་འུར་མཐིལ་གློད་པ་དང་དུས་མཚུངས་ལག་གཡས་པས་འུར་རྡོ་མགོ་བོའི་ཐོག་ནས་ཕྱི་སྐོར་ཐེངས་བཞི་ལྔའམ་དྲུག་བདུན་ཙམ་དང་། ཡང་ན་བཅུ་གྲངས་འགའ་ཞིག་བསྐོར་མཐར་ལྗགས་རྩེ་དེ་མཛུབ་མོ་གཉིས་ཀྱི་དབར་ནས་གློད་ན་འུར་མཐིལ་གྱི་རྡོ་དེ་ཙག་ཅེས་པའི་སྒྲ་དང་བཅས་རྡོ་དེ་རྒྱང་རིང་དུ་འགྲོ་ཡི་ཡོད། དེར་འུར་རྡོ་འཕེན་པ་ཟེར། གལ་སྲིད་ཚ་ཁ་འགྲན་སྡུར་བྱས་ན་འུར་རྡོ་མགོ་བོའི་ཐོག་ནས་དལ་པོར་ཐེངས་མང་ཙམ་བསྐོར་བ་དང་ཆབས་ཅིག་དམིགས་འབེན་ལ་ལྡིར་ཁུང་སྤྲོད་པ་དང་། དམིགས་སོ་འཕྲོད་མཚམས་གཞི་ནས་འུར་རྡོ་འཕེན། དམིགས་འབེན་དུ་རྡོ་ཡི་ཐོ་ཐོ་དང་འཁྱགས་བག་སོགས་བཙུགས་པའམ། ཡང་ན་ཕ་བོང་ལ་ནག་ཐིག་བྲིས་ནས་འབེན་བྱེད་པ་སོགས་རྣམ་པ་མང་ལ། ད་དུང“འུར་རྡོ་རྦད་གཅོད་”ཅེས་མི་གཉིས་འུར་རྡོ་ཚ་ཁ་འགྲན་ན་འབེན་དུ་འགྲན་ཡའི་འུར་རྡོ་བཙུགས་པའི་སྲོལ་ཡང་ཡོད། ཚ་ཁ་འགྲན་སྐབས་འབེན་དང་མིའི་དབར་གྱི་རྒྱང་ཚད་རིང་ཐུང་ངེས་པ་མེད་རུང་སྟག་ཤར་རྣམས་ཚ་ཁ་འགྲན་ན་རྒྱང་ཚད་རྨིད་ལྔ་བཅུའི་ཡས་མས་འཇོག་པ་དང་། བྱིས་པ་རྣམས་ཚ་ཁ་འགྲན་ན་རྒྱང་ཚད་རྨིད་ཉི་ཤུའི་གཡས་གཡོན་འཇོག་མཁན་མང་བར་སྣང་ཡང་འབེན་གྱི་ཆེ་ཆུང་དང་། འགྲན་སྡུར་མཁན་གྱི་རྩལ་ཆེ་ཆུང་སོགས་ལ་གཞིགས་ཏེ་རྒྱང་ཁྱད་རིང་ཐུང་གཏན་འབེབས་བྱེད་ཅིང་། གལ་ཏེ་རྒྱང་འཕེན་འགྲན་ན་འུར་རྡོ་མགོ་བོའི་ཐོད་དུ་ཤུགས་ཀྱིས་སྐོར་བ་ཐེངས་འགའ་བསྐོར་རྗེས་འཕེན་པར་བྱེད་པ་དང་། དེ་དུས་དཔུང་ལག་གཉིས་ཀྱིས་ཤུགས་རྒྱག་དགོས་པ་མ་ཟད། རྐང་པ་སོགས་ལུས་བྱིངས་ཀྱིས་ཀྱང་ཤུགས་མཉམ་དུ་འདོན་དགོས་ཀྱི་ཡོད། དེ་ལྟར་འུར་རྡོའི་འགྲན་སྡུར་ཁོ་ནའི་ངོས་ནས་བརྗོད་ན་རྣམ་པ་གཉིས་ཙམ་ལས་མེད་རུང་། འུར་རྡོའི་སྤྱོད་ཡུལ་ནི་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་ལ་སྤྱོད་ཚུལ་རྣམ་པ་མང་བ་ཞིག་ཡིན། དེ་ཡང་འུར་རྡོ་ནི་རྔོན་ལས་དང་གཡུལ་འགྱེད་བྱེད་པའི་གནའ་དུས་ཀྱི་མཚོན་ཆ་ཞིག་ཡིན་པ་དང་། རྫི་བོས་ཕྱུགས་རིགས་འདེད་བྱེད་དང་། ཕྱུགས་རིགས་འཛིན་པའམ་བསྡམས་བཀྱིག་བྱེད་ཆེད་ཀྱི་ཡོ་ཆས་ཤིག་ཀྱང་ཡིན་ལ། ཕྱུགས་རིགས་ཀྱི་དགྲ་བོ་སྤྱང་ཀི་དང་བྱ་གླག་སོགས་གནོད་འཚེ་ཅན་རྣམས་དང་རྐུན་ཇག་འགོག་སྲུང་བྱེད་པའི་མཚོན་ཆའང་ཡིན། ཞིང་ཁུལ་དུ་ད་དུང་ཞིང་པས་སྟོན་ཐོག་ལ་གནོད་འཚེ་གཏོང་མཁན་གྱི་བྱ་བྱེའུ་སོགས་དཀྲོག་བྱེད་དུ་འུར་རྡོ་སྤྱོད་ཀྱི་ཡོད། གཞན་ཡང་འུར་རྡོ་དེས་ཁ་སྒྲོག་དང་། ཁུར་ཐག བུད་མེད་ཀྱི་ལུས་རྒྱན། བྱིས་པའི་རྩེད་ཆས། སྲུང་བའང་བྱེད་ཆོག་གི་ཡོད་པས་འུར་རྡོ་ནི་རྩ་ཆེ་ལ་མ་གནས་ཆུང་བ། བེད་སྤྱོད་མང་ལ་འགྲོ་སོང་ཉུང་བ། མཁོ་ཆེ་ལ་སྟབས་བདེ་བའི་བོད་མི་རིགས་ཀྱི་མཁོ་ཆས་དམིགས་བསལ་ཅན་ཞིག་ཡིན་ཞེས་བརྗོད་པ་དོན་དང་ལྡན།

        འུར་རྡོའི་དབྱེ་བ་མདོར་བསྡུས་བཤད་ན། གཞི་རྐང་འུར་རྡོ་ཟེར་བ་ཡན་ལག་ཁག་གསུམ་ལས་གྲུབ་པ་ཤ་སྟག་ཡིན་རུང་། འུར་རྡོའི་དབྱེ་བ་ལ་རྒྱུ་ཆའི་སྒོ་ནས་དབྱེ་བ་དང་བཟོ་ཁྱད་ཀྱི་སྒོ་ནས་དབྱེ་བ་སྟེ་ནང་གསེས་གཙོ་ཆེ་བ་གཉིས་ཙམ་དབྱེ་རྒྱུ་ཡོད། རྒྱུ་ཆའི་སྒོ་ནས་དབྱེ་བ་ལའང་རྣམ་ན་ལྔ་སྟེ། རྩིད་འུར་ནག་པོ་དང་། བལ་འུར་དཀར་པོ། མཛེས་འུར་ཁྲ་བོ། ར་རྩིད་འུར་རྡོ། ཨ་ཀྲད་འུར་རྡོ་དང་ལྔའོ།། དེ་ལས་རྩིད་འུར་ནི་འབྲི་གཡག་གི་གྲ་ཁུ་དང་། རྔ་རྩིད་བཅས་ལས་བཟོས་པ་ལ་ཟེར་ཞིང་དེ་ནི་རྒྱུ་མཁྲེགས་ལ་སྤྱོད་ཤེད་ཆེ། བལ་འུར་ནི་ལུག་གི་བལ་དང་གྲ་ལས་གྲུབ་པ་ལ་ཟེར་ཞིང་དེ་ནི་ཡང་ཞིང་མཉེན་ལ་སྐད་སྒྲ་བཟང་། མཛེས་འུར་ནི་བལ་ཁུ་དཀར་ནག་གམ། ཡང་ན་སྣལ་སྐུད་ཚོས་མདོག་སྣ་ཚོགས་ལས་བཟོས་པ་ལ་ཟེར་ཞིང་། དེ་ནི་གཅེས་ཕྲུག་གི་རྩེད་ཆས་དང་། གཞོན་ནུ་ཕོ་མོ་ཚོའི་གློ་དང་སྐེད་པར་བཏགས་ནས་མཛེས་རྒྱན་དུ་བྱེད་པ་མང་ལ། ད་དུང་ཁྱིམ་ཀྱི་ཀ་བ་དང་སྒོའི་ཐོད། རྟ་སྒའི་སྔ་ཤ་ལ་བཏགས་ནས་སྲུང་བ་བྱེད་པའི་སྲོལ་ཡང་ཡོད། ར་རྩིད་འུར་རྡོ་ནི་མིང་དང་མཚུངས་པར་ར་རྩིད་ལས་བཟོས་པ་ལ་ཟེར་ཞིང་། དེའང་འུར་རྡོ་གཞན་དང་འདྲ་བར་བེད་སྤྱོད་བཏང་ཆོག་ནའང་ཡུལ་ལ་ལར་ར་འུར་བེད་སྤྱོད་བཏང་ན་རྣམ་རྟོག་བྱེད་སྲོལ་ཡོད་པ། དཔེར་ན། རང་གི་ར་རྩིད་འུར་རྡོ་དེ། རང་གི་འགྲམ་པ་གཅོག་བྱེད་རེད་ཅེས་པ་དང་། ར་ཡི་འུར་རྡོ་ར་ཡི་མཇིང་པར་འཁོར་ཞེས་པའི་གཏམ་དཔེ་ལྟར་ལགས་སོ།། ཨ་ཀྲད་འུར་རྡོ་ནི་འབྲི་གཡག་གི་ཀོ་བ་མཉེད་མའི་རྒྱུན་བུ་དང་། ཤྭ་བ་དང་གཉན་སོགས་ཀྱི་ཧེལ་གེའི་རྒྱུན་བུ་དྲས་ནས་བསླས་པ་ལ་ཟེར་ཞིང་ཨ་ཀྲད་འུར་རྡོ་རྡོ་ཤུགས་ཆེ་ལ་རྒྱུ་མཁྲེགས་ཞེས་པའི་ཤོད་ཚུལ་འདུག་རུང་དུས་ཕྱིས་འུར་རྡོ་དེ་སྤྱོད་པའི་དར་སྲོལ་དེ་ཙམ་མེད་དོ།།

        ཡང་བཟོ་ཁྱད་ཀྱི་སྒོ་ནས་དབྱེ་བ་དེ་ལ་རྣམ་པ་གཉིས་ཡོད་དེ་སྐུད་པ་ཚོན་མདོག་རྐྱང་པས་བསླས་པ་དང་། ཚོན་མདོག་འདྲེས་མས་བསླས་པ་གཉིས་སོ།། རྐྱང་པར་བསླས་པ་ལའང་ཟིལ་མ་སྒང་ལྷས་དང་། གའུ་ཁ་སྦྱོར་གཉིས་ཡོད། ཚོན་མདོག་འདྲེས་མར་བསླས་པ་ལའང་སྤྱིར་བཏང་པ་དང་། སྤུས་ལེགས་གཉིས་ཡོད། གཞན་ཡང་སྤུས་ལེགས་འུར་རྡོའང་མཛེས་འུར་དེ་ཉིད་ཁོ་ནར་ཡང་བཅུ་ཕྲག་དགུ་སྒྲིག་དང་། གཟི་རིལ། གཟི་རིལ་མིག་མ། མིག་མ་ཁ་སྦྱོར་སོགས་རིགས་ཀྱི་དབྱེ་བ་མང་བར་མཆིས་ཞེས་རྒྱུས་ཅན་མཁས་པའི་གསུང་ལས་ཐོས་པའོ།།